ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༢༠༢༣ ལོར་འཛམ་བུ་གླིང་ནད་དུག་ཁྱབ་གདལ་གྱི་ཀློང་ནས་ཐར་ཐུབ་བམ།


རྒྱ་ནག་ནང་ནད་ནད་དུག་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ལ་འཛམ་གླིང་རྒྱལ་ཁབ་ཚང་མས་བློ་འཚབ་ཡོང་གི་ཡོད་པས། ༢༠༢༣ ལོར་འཛམ་བུ་གླིང་དེ་བཞིན་ནད་དུག་ཁྱབ་གདལ་གྱི་ཀློང་ནས་ཐར་ཐུབ་རྒྱུ་ཡིན་མིན་སྐོར་ཆེད་མཁས་པ་མང་པོས་དབྱེ་ཞིབ་དང་ཚོད་དཔག་བྱས་འདུག

ག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ནས་ལོ་གསུམ་ཙམ་འགོར་གྱི་ཡོད་ཅིང་། དེང་སྐབས་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་གི་ནང་། ནད་ཡམས་འགོག་སྲུང་དང་འབྲེལ་བའི་དམ་དྲག་ལྷོད་ཡངས་བཏང་ནས། མི་ཚོའི་འཚོ་བ་རྒྱུན་ལྡན་ཆགས་ཚར་ཡོད་པ་རེད། དེ་བཞིན་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དུས་སྐབས་དེ་མཇུག་སྒྲིལ་ལ་ཉེ་ཞེས་བརྗོད་ཡོད། ཡིན་ན་ཡང་། ཉེ་ཆར་རྒྱ་ནག་ནང་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་དེ་བཞིན་གློ་བུར་དུ་ཕྱིར་བསྡུ་བྱས་ཡོད་པའི་རྐྱེན་ལས། ནད་དུག་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ལ་འཛམ་གླིང་རྒྱལ་ཁབ་ཚང་མས་བློ་འཚབ་ཡོང་གི་ཡོད་པས། རྒྱ་ནག་གི་ནད་ཡམས་ཁྱབ་གདལ་དེས། འཛམ་གླིང་ལ་ཤུགས་རྐྱེན་ག་ཚོད་ཐེབས་རྒྱུ་དང་། ༢༠༢༣ ལོར་འཛམ་བུ་གླིང་དེ་བཞིན་ནད་དུག་ཁྱབ་གདལ་གྱི་ཀློང་ནས་ཐར་ཐུབ་རྒྱུ་ཡིན་མིན་སྐོར་ཆེད་མཁས་པ་མང་པོས་དབྱེ་ཞིབ་དང་ཚོད་དཔག་བྱས་འདུག།

རྒྱ་ནག་ནང་ནད་དུག་གི་ངོ་བོ་གཞན་འགྱུར་འབྱུང་སྲིད་དམ།

ད་ཕན་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤེལ་བའི་གཞི་གྲངས་ལས། དེང་སྐབསརྒྱ་ནག་ནང་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པ་ནི། ཨོ་མི་ཁེ་རུང་ཞེས་པའི་ནད་དུག་གི་རིགས་ཤིག་ཡིན་པ་ལས། ངོ་བོ་གཞན་འགྱུར་བྱུང་བའི་ནད་དུག་རིགས་གསར་པ་གཞན་ཞིག་ཡིན་མིན་སྐོར་ད་དུང་ཤེས་རྟོགས་བྱུང་མེད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་ནད་དུག་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་སྦས་གསང་མེད་པར་ཕྱི་གསལ་ནང་གསལ་གྱི་ཐོག་ནས་མཁོ་སྤྲོད་བྱ་དགོས་པའི་རེ་འབོད་ཡང་ཡང་བྱས་ཡོད་ཀྱང་། རྒྱ་ནག་གིས་འདྲི་བརྩད་དེ་ལ་གཡོལ་ཐབས་ཀྱིས་ནད་དུག་དང་འབྲེལ་བའི་གནད་དོན་ལ་རྩད་གཅོད་བྱེད་དགོས་དོན་མེད་ཅེས་བརྡ་ལན་སྤྲད་ཡོད། དེ་དང་དུས་མཚུངས་སུ། ཨ་མེ་རི་ཁ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཉི་ཤུ་ལྷག་གིས་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་ཚོ་ལ་ལུས་པོ་བརྟག་དཔྱད་བྱེད་དགོས་པ་དང་ཟུར་བཀག་བྱེད་དགོས་པ་སོགས་ཀྱི་སྒྲིག་གཞི་གསར་པ་ལག་ལེན་བསྟར་ཡོད་པ་རེད།

ཨ་མེ་རི་ཁའི་ཇཱོན་ཧོབ་ཁིན་སི་གཙུག་ལག་སློབ་ཆེན་གྱི་རིམས་ནད་སྐོར་གྱི་ཆེད་མཁས་པ་ཌ་ཝི་དྷི་ཌོ་ཌི་ལགས་ནས་འདི་གར་ཨ་རི་རླུང་འཕྲིན་ཁང་ལ་གསུངས་དོན། ང་ཚོས་འགོས་ཁྱབ་འགྲོ་ཚད་མགྱོགས་པོ་ཡོད་པའི་ནད་དུག་གི་རིགས་དང་། ནད་རྟགས་ལྗི་མོ་འབྱུང་ཚད་མཐོ་བ་ཡོད་པའི་ནད་དུག་གི་རིགས་དེ་ཚོ་ལ་མ་གཏོགས་བློ་འཚབ་བྱ་མི་དགོས་མོད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལས། ང་ཚོས་ད་ལྟ་རྒྱ་ནག་ནང་ཉེན་ཁ་ཆེ་བའི་ནད་དུག་རིགས་དེ་འདྲ་བྱུང་ཡོད་མེད་ཤེས་རྟོགས་བྱུང་ཁག་པོ་ཆགས་ཡོད་ཅེས་དང་། དེ་བཞིན་དུ་ཨོ་རཱེ་ཀན་གཙུག་ལག་སློབ་ཆེན་གྱི་འཛམ་གླིང་འཕྲོད་བསྟེན་ལྟེ་གནས་ཁང་གི་འགན་འཛིན་ཅིས་ཅུན་ཧའེ་ལགས་ནས་ཀྱང་། ད་ལྟ་རྒྱ་ནག་ནང་ནད་དུག་གི་ངོ་བོ་གཞན་འགྱུར་བྱུང་ནས་ཉེན་ཁ་ཆེ་བའི་ནད་དུག་རིགས་གསར་པ་འབྱུང་རྒྱུའི་ཉེན་ཁ་ཧ་ཅང་ཆུང་ཆུང་ཡིན་ཞིང་། འདས་པའི་ལོ་ངོ་གཅིག་རིང་གི་ནད་ཡམས་ཁྱབ་གདལ་གྱི་བརྒྱུད་རིམ་ལ་གཞི་བཞག་ནས་བཤད་ན། ཨོ་མི་ཁེ་རུང་ཞེས་པའི་ནད་དུག་རིགས་དེ་གཞན་འགྱུར་བྱུང་བའི་ནད་དུག་རིགས་གསར་པ་དེ་དག་འགོས་ཁྱབ་འགྲོ་བའི་ཚད་མཐོན་པོ་ཡིན་རུང་། དེ་དག་གིས་མིའི་ཚེ་སྲོག་ལ་ཉེན་ཁ་ཡོད་པའམ་ཡང་ན་ནད་རྟགས་ལྗི་མོ་བྱུང་བཅུག་པའི་ཚད་ནི་ཧ་ཅང་དམའ་མོ་རེད་ཅེས་གསུངས་འདུག།

༢༠༢༣ ལོར་འཛམ་བུ་གླིང་ནད་དུག་ཁྱབ་གདལ་གྱི་ཀློང་ནས་ཐར་ཐུབ་བམ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཐེ་ཊོར་སིས། ན་ནིང་ལོའི་སྤྱི་ཟླ་དགུ་པར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེན་མོའི་དུས་སྐབས་དེ་མཇུག་སྒྲིལ་ལ་ཉེ་ཞེས་བརྗོད་ཡོད་པར་མ་ཟད། སྤྱི་ཟླ་༡༢ པའི་ནང་ཁོས་༢༠༢༣ ལོའི་དུས་ཚོད་ངེས་ཅན་ཞིག་གི་ནང་ཏོག་དབྱིབས་ནད་དུག་དེ་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཛ་དྲག་གི་དོན་རྐྱེན་ཞིག་ལ་བརྩི་མི་དགོས་པ་ཆགས་རྒྱུ་རེད་ཅེས་བརྗོད་འདུག། ཟླ་བ་འདིའི་ཟླ་མཇུག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཛ་དྲག་ལས་དོན་ཚོགས་ཆུང་གིས་ཏོག་དབྱིབས་ནད་དུག་སྐོར་ཟླ་བ་གསུམ་རིང་གི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མགྲིབ་ཚབ་པ་དང་ནད་ཡམས་རིག་པ་བ་མཱར་གྷི་རེ་ཊི་ཧ་རི་ལགས་ནས་ཨ་རི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ། གོང་འཁོད་ཚོགས་འདུ་དེ་ལས་ཏོག་དབྱིབས་ནད་དུག་དེ་བཞིན་འཛམ་གླིང་ཡོངས་ལ་བསྐྱར་དུ་ཁྱབ་གདལ་ཤུགས་ཆེན་པོ་འགྲོ་རྒྱུ་ཡིན་མིན་དང་། མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་རྒྱུ་ཡིན་མིན། དེ་བཞིན་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ག་རེ་འཕྲད་རྒྱུ་དང་། དེར་གདོང་ལེན་བྱེད་ཕྱོགས་སོགས་བརྗོད་གཞི་གང་མང་ཞིག་གི་ཐོག་ནས་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།

ཨོ་རཱེ་ཀན་གཙུག་ལག་སློབ་ཆེན་གྱི་འཛམ་གླིང་འཕྲོད་བསྟེན་ལྟེ་གནས་ཁང་གི་འགན་འཛིན་ཅིས་ཅུན་ཧའེ་
ཨོ་རཱེ་ཀན་གཙུག་ལག་སློབ་ཆེན་གྱི་འཛམ་གླིང་འཕྲོད་བསྟེན་ལྟེ་གནས་ཁང་གི་འགན་འཛིན་ཅིས་ཅུན་ཧའེ་

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤེལ་བའི་གཞི་གྲངས་ལས། ༢༠༡༩ ལོའི་སྤྱི་ཟླ་༡༢ པའི་ཟླ་མཇུག་ཏུ། དང་ཐོག་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཏོག་དབྱིབས་ནད་དུག་དེ་བཞིན་ཁྱབ་གདལ་ཕྱིན་ནས་ད་བར། འཛམ་གླིང་ཐོག་ཁྱོན་མི་གྲངས་དུང་ཕྱུར་དྲུག་དང་བྱེ་བ་དྲུག་ལྷག་ལ་ནད་དུག་ཕོག་ཡོད་པ་དང་། དེའི་ནང་ནས་ནད་པ་ས་ཡ་དྲུག་དང་འབུམ་བདུན་ལྷག་འཆི་སྐྱོན་བྱུང་ཡོད། འདས་པའི་བདུན་ཕྲག་གཅིག་གི་ནང་ཏོག་དབྱིབས་ནད་པ་འཕར་མ་ས་ཡ་གསུམ་ལྷག་བྱུང་ཡོད་པ་དང་། དེའི་ནང་ནས་ནད་པ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་ཁྲི་གཅིག་དང་སྟོང་གཅིག་ཡིན་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གྱིས་རྒྱ་ནག་གི་ནད་དུག་སྐོར་གྱི་གཞི་གྲངས་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་ལས་གོང་འཁོད་གྲངས་འབོར་དེ་ཚོ་ནི་ཚོད་དཔག་དམའ་བ་བྱས་པ་ཞིག་ཡིན་ཞེས་བརྗོད་འདུག།

དེང་སང་རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་འགྲོ་བའི་ཚད་ཧ་ཅང་མཐོན་པོ་ཡིན་པའི་ཨོ་མི་ཁེ་རུང་ཞེས་པའི་ནད་དུག་རིགས་གསར་པ་XBB.1.5 ཞེས་པར་མི་ཚོས་དོ་སྣང་སླེབས་བཞིན་ཡོད་ཅིང་། བྷ་ཌན་འཛིན་སྐྱོང་གིས་ན་ནིང་ལོའི་སྤྱི་ཟླ་དགུ་པའི་ནང་ནད་དུག་ཁྱབ་གདལ་གྱི་དུས་སྐབས་མཇུག་སྒྲིལ་ཡོད་པ་གསུངས་མྱོང་ཡོད་ཀྱང་། ཉེ་ཆར་སྤྱི་པའི་འཕྲོད་བསྟེན་ཛ་དྲག་ཡིན་པའི་བཀོད་ཁྱབ་ཅིག་གསལ་བསྒྲགས་གནང་ཡོད་པར་མ་ཟད། བཀོད་ཁྱབ་དེ་ད་ལོའི་སྤྱི་ཟླ་བཞི་པའི་བར་ཕར་འགྱངས་གནང་ཡོད་པ་རེད།

འོན་ཏེ་སྤྱི་པའི་འཕྲོད་བསྟེན་ཆེད་མཁས་པ་མི་ཉུང་བ་ཞིག་གིས་༢༠༢༣ ལོར་འཛམ་བུ་གླིང་དེ་ནད་དུག་ཁྱབ་གདལ་གྱི་ཀློང་ནས་ཐར་ཐུབ་རྒྱུའི་རེ་ལྟོས་བྱེད་བཞིན་ཡོད་པ་སྟེ། ཇོར་ལྗི་ཐོན་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་པའི་འཕྲོད་བསྟེན་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་མཐུན་སྦྱོར་ལྟེ་གནས་ཁང་གི་འགན་འཛིན་ལའོ་རེན་སི་ཀོ་སི་ཐིང་ལགས་ནས་ཨ་རི་རླུང་འཕྲིན་ཁང་ལ་གསུངས་དོན། འབྱུང་འགྱུར་ཏོག་དབྱིབས་ནད་དུག་སྔར་བཞིན་འཛམ་བུ་གླིང་ཡོངས་ལ་ཁྱབ་གདལ་འགྲོ་རྒྱུ་དང་། ནད་དུག་གི་རྐྱེན་པས་མི་མང་པོ་ཞིག་འདས་གྲོངས་སུ་འགྲོ་རྒྱུ་རེད། ཡིན་ན་ཡང་། ནད་དུག་ཁྱབ་གདལ་ཆེན་པོ་འགྲོ་བའི་གནས་སྟངས་དེ་༢༠༢༤ ལོའི་སྤྱི་ལོ་གསར་པའི་སྔོན་ཚུད་དུ་མཇུག་སྒྲིལ་རྒྱུ་རེད། ཅིག་བྱས་ན་ད་ལོའི་དབྱར་ཁ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་དུག་དེ་རྒྱལ་སྤྱིས་དོ་སྣང་བྱེད་དགོས་པའི་འཕྲོད་བསྟེན་སྐོར་གྱི་ཛ་དྲག་གི་དོན་རྐྱེན་ཞིག་ཡིན་པའི་གསལ་བསྒྲགས་དེ་ཕྱིར་འཐེན་བྱ་སྲིད་ཅེས་གསུངས་འདུག།

དེ་བཞིན་དུ་དགེ་རྒན་ཆེན་མོ་ཅིས་ཅུན་ཧའེ་ལགས་ནས་ཀྱང་། ནད་འགོག་གི་ནུས་པ་ལྡན་པའི་སྨན་དང་། འགོག་ཁབ། ཨོ་མི་ཁེ་རུང་གི་ནད་དུག་དེ་གསུམ་པོ་ནི། འཛམ་བུ་གླིང་ནད་དུག་ཁྱམས་གདལ་གྱི་ཀློང་ནས་ཐར་ཐུབ་མིན་གྱི་འགག་རྩ་ཆགས་ཡོད་ཅེས་དང་། ད་ལྟ་ཨ་མེ་རི་ཁའི་གླིང་ཆེན་དང་། ཡོ་རོབ་གླིང་ཆེན། ཨེ་ཤེ་ཡའི་གླིང་ཆེན་གྱི་ས་ཁུལ་མང་པོ་ཞིག་ནད་དུག་ཁྱབ་གདལ་རྗེས་ཀྱི་དུས་སྐབས་གསར་པ་ཞིག་ལ་སླེབས་ཟིན་པ་རེད། ད་ལྟ་ནད་དུག་ཁྱབ་གདལ་ཤུགས་ཆེ་ཕྱིན་ས་མང་ཆེ་བ་ནི་དེ་སྔར་ནད་དུག་འགོག་སྲུང་དམ་དྲག་ཆེན་པོ་ཡོད་ས་དེ་ཚོ་རེད། ཞིབ་འཇུག་གྲུབ་དོན་འགའ་ལས་གསལ་བ་ལྟར་ན། ཨོ་མི་ཁེ་རུང་ཞེས་པའི་ནད་དུག་རིགས་དེ་ལ་གདོང་ལེན་བྱེད་དུས། ནད་དུག་འགོག་སྲུང་ལྷོད་པོ་ཡོད་པའི་རྒྱལ་ཁབ་དེ་ཚོའི་ནང་ཐོག་མར་ཟླ་བ་གསུམ་བཞིའི་རིང་ལ་ནད་པ་ཇེ་མང་དུ་ཕྱིན་ཡོད་ཀྱང་། དེའི་རྗེས་ལ་རིམ་བཞིན་ནད་པ་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། དེ་ལས་ལྡོག་སྟེ་ནད་ཡམས་དམ་དྲག་ཆེ་བའི་རྒྱལ་ཁབ་ཁག་གི་ནང་ནད་དུག་ཁྱབ་གདལ་འགྲོ་བའི་དུས་ཡུན་དེ་བལྟོས་བཅས་ཀྱི་རིང་བ་ཆགས་ཀྱི་ཡོད། ཨོ་མི་ཁེ་རུང་ཞེས་པའི་ནད་དུག་རིགས་འགོས་མཁན་གྱི་ནད་པ་ཇེ་མང་ཕྱིན་པ་དེ་དོན་དག་སྡུག་པོ་ཞིག་མ་རེད། ནད་དུག་འགོས་ཁྱབ་ག་ཚོད་ཆེ་ན་དེ་ཚོད་ཀྱིས་མི་ཚོའི་སོ་སོས་རིམས་འགོག་གི་ནུས་པ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། དེ་བས་སྨན་བཅོས་ཀྱི་ཆ་རྐྱེན་དང་ནད་དུག་འགོག་བྱེད་ཀྱི་སྨན། འགོག་ཁབ་སོགས་དུས་ཐོག་མཁོ་སྤྲོད་ཀྱིས་ནད་རྟགས་ལྗི་མོ་དང་འཆི་སྐྱོན་བྱུང་བའི་ཚད་དེ་དམའ་རུ་གཏང་དགོས་རྒྱུ་དེ་གལ་གནད་ཆེ་ཤོས་ཆགས་ཡོད་ཅེས་དང་། ཨོ་མི་ཁེ་རུང་གི་ནད་དུག་རིགས་དེ་རྦད་དེ་རྩ་མེད་འགྲོ་མི་སྲིད་པས། ང་ཚོས་ནད་དུག་དང་མཉམ་གནས་བྱེད་ཐུབ་པའི་ཐབས་ལམ་ཡག་པོ་ཞིག་རྙེད་ཐུབ་པ་བྱ་དགོས། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ནད་དུག་དེ་ཆམ་ནད་དང་གཅིག་པ་རེད། ང་ཚོ་མི་སྒེར་གྱི་སེམས་ཁམས་དང་གཞུང་གི་སྲིད་ཇུས་སོགས་ཕྱོགས་གང་ཅིའི་ཐད་ནས་གོམ་གང་མདུན་སྤོས་ཀྱིས་ནད་དུག་ཁྱབ་གདལ་རྗེས་ཀྱི་དུས་སྐབས་སུ་བསྐྱོད་དགོས། དེ་ལྟར་བྱུང་ཚེ་ད་ལོའི་ལོ་མཇུག་ཙམ་ལ་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་མང་ཆེ་བ་ནད་དུག་ཁྱབ་གདལ་ཆེན་མོའི་ཀློང་ནས་ཐར་ཐུབ་རྒྱུ་རེད་ཅེས་གསུངས་འདུག།

འབྱུང་འགྱུར་མི་ཚོས་འགོག་ཁབ་འཕར་མ་ག་ཚོད་བཞེས་དགོས་སམ།

དགེ་རྒན་ཆེན་མོ་ཅིས་ཅུན་ཧའེ་ལགས་ནས་ནད་དུག་དང་མཉམ་གནས་བྱེད་དགོས་ན་འགོག་ཁབ་དེ་འགག་རྩ་ཆགས་ཡོད། ད་ལྟ་འགོག་སྨན་དེ་ཚོ་ལ་ནད་འགོག་ཐུབ་པའི་དུས་ཡུན་དེ་ཙམ་རིང་པོ་མེད། འབྱུང་འགྱུར་ལོ་གཉིས་གསུམ་ནང་ཚུད་དུ་ལོ་རེ་རེར་འགོག་ཁབ་ཐེངས་གཉིས་དེ་བཞེས་དགོས་འཁེལ་གྱི་རེད། མ་འོངས་པར་ཅིག་བྱས་ནས་ཆབ་ནད་ཀྱི་འགོག་སྨན་ནང་བཞིན་ལོ་གཅིག་གི་ནང་ཐེངས་རེ་བཞེས་དགོས་པ་ཆགས་རྒྱུ་རེད་ཅེས་ཚོད་དཔག་གནང་འདུག། གཞན་ཡང་དགེ་རྒན་ཆེན་མོ་ལའོ་རེན་སི་ཀོ་སི་ཐིང་ལགས་ནས་ཀྱང་། འབྱུང་འགྱུར་ཟླ་བ་བཞི་དང་དྲུག་རེའི་ནང་འགོག་ཁབ་འཕར་མ་ཐེངས་རེ་བཞེས་རྒྱུ་དང་། ལྷག་པར་དུ་དགུང་ལོ་བགྲེས་པ་ཚོ་ལ་དེ་ལྟར་བཞེས་ན་བཟང་། ལུས་ཁམས་ཆ་རྐྱེན་ཡག་པོ་ཡོད་མཁན་དང་ཡང་ན་ནད་དུག་ཕོག་ནས་དྲག་སྐྱེད་བྱུང་མཁན་ཚོས་འགོག་སྨན་བཞེས་རྒྱུ་ཏོག་ཙམ་ཕར་འགྱངས་བྱས་ན་ཡང་སྐྱོན་ཆེན་པོ་མེད། འགོག་ཁབ་ནུས་པ་ལྡན་པ་ཞིག་བཟོ་དགོས་རྒྱུ་དེ་༢༠༢༣ ལོར་འཛམ་གླིང་རྒྱལ་ཁབ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་ཐོག་ནས་གདོང་ལེན་བྱེད་དགོས་པའི་ལས་དོན་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད་ཅེས་གསུངས་འདུག།

༢༠༢༣ ལོར་ནད་དུག་ཁྱབ་གདལ་དང་འབྲེལ་ནས་ཉེན་ཁ་ག་རེ་འཕྲད་སྲིད་དམ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཧ་རི་སི་ལགས་ནས་གསུངས་དོན། ནད་དུག་གི་འགྱུར་ལྡོག་ཆེ་བ་དང་གནོད་འཚེ་ཕོག་ཚབས་ཆེ་བའི་ཚད་ནི། ག་དུས་ཡིན་ནའང་སྐྱེ་བོའི་བསམ་ཡུལ་ལས་འདས་པ་ཞིག་རེད། ནད་དུག་སྐོར་ལ་ལྟ་སྐུལ་དང་བརྟག་དཔྱད། ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་དེ་སྔར་བཞིན་གལ་གནད་ཆགས་ཡོད། འདས་པའི་ལོ་གསུམ་ཙམ་གྱི་རིང་འཛམ་བུ་གླིང་གི་མི་ཚང་མས་ནད་དུག་དང་འཐབ་རྩོད་བསྟུད་མར་བྱས་ཡོད་པས། ད་ལྟ་གཞུང་དང་མི་དམངས་མང་ཆེ་བ་ཐང་ཆད་ཡོད་རུང་། ང་ཚོས་མུ་མཐུད་ནས་དེ་དོན་དོགས་ཟོན་བྱ་དགོས་ཞེས་དང་། དགེ་རྒན་ཆེན་མོ་ཅིས་ཅུན་ཧའེ་ལགས་ནས་ཀྱང་ནད་དུག་ཁྱབ་གདལ་རྗེས་ཀྱི་དུས་སྐབས་སླེབས་པ་ཡིན་ན། འཕྲོད་བསྟེན་ཆེད་མཁས་པ་ཚོས་ངེས་པར་དུ་ནད་དུག་གི་རྐྱེན་ལས་བྱུང་བའི་གནོད་འཚེ་དང་གོད་ཆགས་ཅི་རིགས་ལ་གདོང་ལེན་བྱེད་དགོས། དཔེར་ན་དེ་སྔར་གཞུང་དང་སྒྲིག་འཛུགས་མང་ཆེ་བས་མ་རྩ་མང་ཆེ་ཤོས་ནད་དུག་འགོག་སྲུང་སྐོར་ལ་འགྲོ་སོང་བཏང་ཡོད་པས། སྐྲན་ནད་ལ་སོགས་པ་ནད་རིགས་གཞན་པ་ཚོར་ལྟ་སྐུལ་བྱེད་ཕྱོགས་ཐད་ནས་ཐོབ་ཤོར་ཕྱིན་ཡོད་པ་དང་། ནད་དུག་ཁྱབ་གདལ་གྱི་དུས་སྐབས་ལ་སེམས་ཁམས་ལ་དཀལ་ངལ་འཕྲད་མཁན་ཇེ་མང་ཕྱིན་ཡོད་པ། དེ་བཞིན་འདྲ་མཉམ་མིན་པའི་སྤྱི་ཚོགས་ཀྱི་གནད་དོན་ཇེ་མང་ཕྱིན་ཡོད་པ་སོགས་གནད་དོན་གང་མང་ཞིག་ལ་གདོང་ལེན་བྱེད་དགོས་འཁེལ་གྱི་རེད་ཅེས་གསུངས་འདུག།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG