ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཌོ་ནལ་ཊམ་༢༠༢༤་ལོར་སྲིད་འཛིན་ལ་ལངས་ན་འོས་ཤོག་འཐོབ་བམ།


༄༅།། ད་ལྟ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་༢༠༢༤་ལོར་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་ཡིན་མིན་གྱི་དངོས་གཞིའི་གསལ་བསྒྲགས་གང་ཡང་སྤེལ་མེད་ཅིང་། ཕྱི་ཟླ་༨་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་དོན་ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་༢༠༢༤་ལོར་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་སྲིད། ཁོང་ལ་༢༠༡༦་ལོར་འོས་ཤོག་འཕེན་མཁན་ཚོས་བསྐྱར་དུ་༢༠༢༤་ལོར་འོས་ཤོག་འཕེན་རྒྱུ་ཡིན་ནམ། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པས་སླར་ཡང་ཌོ་ནལ་ཊམ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱ་རྒྱུ་ཡིན་མིན་བཅས་ལ་དཔྱད་ཞིབ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༦་ཉིན་ཌོ་ནལ་ཊམ་གྱིས་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་མི་རི་ཀ་ཨང་དང་པོར་འཛིན་པ་ཞེས་པའི་ཚོགས་འདུའི་ཐོག་ཏུ་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱས་ཟིན་ཞེས་བསྒྲགས། ཡིན་ནའང་ཁོང་གིས་ཚོགས་འདུའི་ཐོག་ཏུ་༢༠༢༤་ལོར་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་ཡིན་ཞེས་གསལ་པོར་མ་བསྒྲགས། ཌོ་ནལ་ཊམ་གྱིས་༢༠༢༤་ལོར་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུའི་གསལ་བསྒྲགས་དངོས་སུ་སྤེལ་གྱི་མེད་ཀྱང་ཨ་རིའི་ཡུ་ཊ་མངའ་སྡེའི་མི་མང་འོས་ཤོག་འཕེན་མཁན་མང་དག་ཅིག་གིས་༢༠༡༦་ལོར་ཌོ་ནལ་ཊམ་ལ་འོས་ཤོག་འཕངས་པ་ཡིན། ང་ཚོས་༢༠༢༤་ལོར་ཡང་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་རྒྱུ་ཡིན། ང་ཚོ་ཌོ་ནལ་ཊམ་གྱི་སྲིད་ཇུས་ལ་མོས་པ་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ཌོ་ནལ་ཊམ་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མ་སོང་ཞེས་འུར་སྒྲོགས་བྱེད་ཀྱི་ཡོད་ཀྱང་ཡུ་ཊ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མི་མང་འོས་ཤོག་འཕེན་མཁན་ཁག་ཅིག་གིས་རྫུན་སྒྲོགས་དེར་སྔར་བཞིན་ཡིད་ཆེས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཌེ་སི་རི་ཊི་གསར་ཁང་དང་ཧིན་ཁེ་ལེ་འོས་འདེམས་སྲིད་ཇུས་ཉམས་ཞིབ་ཁང་གཉིས་ཀྱིས་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་སྐབས་སུ་ཁས་ལེན་བྱས་པ་རྣམས་སྒྲུབ་ཐུབ་ཡོད་མེད། ཡུ་ཊ་མངའ་སྡེའི་མི་མང་རྣམས་ཌོ་ནལ་ཊམ་གྱི་སྲིད་ཇུས་དང་ལག་བསྟར་གང་གང་ལ་མོས་པ་བྱུང་མིན། ཌོ་ནལ་ཊམ་གྱིས་ལོ་བཞིར་སྲིད་དབང་བཟུང་བའི་རིང་དེའི་སྲིད་ཇུས་དང་ལག་བསྟར་གང་གང་ལ་མོས་མཐུན་བྱུང་མ་སོང་ཞེས་དྲིས། གོང་གི་དྲི་བ་དེ་དག་ལ་ལན་འདེབས་བྱུང་བ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ཚེ། ༢༠༡༦་ལོར་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་བཅུའི་ནང་གི་མི་བརྒྱད་ཀྱིས་༢༠༢༤་ལོར་ཡང་ཌོ་ནལ་ཊམ་སྲིད་འཛིན་ལ་ལངས་ན་འོས་ཤོག་འཕེན་རྒྱུ་ཡིན། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་གཞན་ཁག་ཀྱང་འོས་འདེམས་ལ་འགྲན་ཞུགས་བྱེད་ཐུབ་པའི་གོ་སྐབས་ཡོད་པ་གསལ་སྟོན་བྱུང་འདུག བྷ་རིཀ་ཧམ་ཡུང་སློབ་གྲྭ་ཆེན་མོའི་འོས་འདེམས་དང་དམངས་གཙོ་ཞིབ་འཇུག་ལྟེ་གནས་ཁང་གི་ཟུང་འབྲེལ་འགན་འཛིན་ཀར་པོ་ཝི་ཛི་ཞེས་པ་ཞིག་གིས་ཡུ་ཊ་མངའ་སྡེའི་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ཁག་གིས་ཌོ་ནལ་ཊམ་འོས་མི་དགའ་ཤོས་ཡིན་པ་ར་འཕྲོད། དེ་བཞིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཁག་ཅིག་ལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་གཞན་ཚོར་གོ་སྐབས་སྤྲོད་རྒྱུའི་འདོད་པ་ཡོད་པའི་རྣམ་ཞིག་ཀྱང་འདུག ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བ་འགུགས་པའི་དུས་ཚོད་རིང་པོ་ཡོད་པ་དང་༢༠༡༦་ལོར་འོས་ཤོག་འཕངས་པའི་མི་ཁག་ཅིག་གིས་༢༠༢༤་ལོར་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་རྒྱུ་མིན་པ་གསལ་པོ་རེད། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་མེཀ་ཕན་སི་དང་ཧྥུ་ལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་རོན་ཌི་སན་ཊི་སི། ལྷོ་ཁེ་རོ་ལེ་ན་མངའ་སྡེའི་སྤྱི་ཁྱབ་ཟུར་པ་ཎི་ཀི་ཧེ་བཅས་ལ་སྤྱི་མཐུན་ཚོགས་པའི་ཁོངས་སུ་རྒྱབ་སྐྱོར་བ་མང་པོ་འདུག་ཅེས་བསྟན།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུ་ཊ་མངའ་སྡེར་འོས་འདེམས་ཀྱི་ཐོ་འགོད་བྱེད་ཡོད་པའི་མི་གྲངས་༨༠༡་ལ་གསར་འགོད་པས་བསམ་ཚུལ་འདྲི་ཞིབ་བྱས་ཤིང་། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༢་ཀྱིས་༢༠༡༦་ལོར་ཌོ་ནལ་ཊམ་ལ་འོས་ཤོག་འཕངས་པ་ཡིན་ཟེར། མི་མང་བརྒྱ་ཆ་༢༦་གིས་ཧི་ལ་རི་ཁེ་ལིན་ཊོན་ལ་འོས་ཤོག་འཕངས་ཡོད་པ་དང་མི་མང་བརྒྱ་ཆ་༡༦་གིས་ཨི་ཝན་མེཀ་མུ་ལིན་ལ་འོས་ཤོག་འཕངས་པ་ཡིན་ཞེས་ལན་བཏབ། མཐའ་མའི་འོས་གྲངས་ཞིབ་བཤེར་དུས་སུ་ཡུ་ཊ་མངའ་སྡེར་ཌོ་ནལ་ཊམ་ལ་འོས་ཤོག་བརྒྱ་ཆ་༤༥་དང་གྲངས་ཆུང་ལྔ། ཧི་ལ་རི་ཁེ་ལིན་ཊོན་ལ་འོས་ཤོག་བརྒྱ་ཆ་༢༧་དང་གྲངས་ཆུང་ལྔ། མེཀ་མུ་ལིན་ལ་འོས་ཤོག་བརྒྱ་ཆ་༢༡་དང་གྲངས་ཆུང་༥་བཅས་ཐོབ། མི་༣༣༤་ཡི་ནང་གི་བརྒྱ་ཆ་༩༡་གིས་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་སྐབས་སུ་ཁས་ལེན་བྱས་པ་རྣམས་བསྒྲུབས་སོང་། ཁོང་གིས་ཁས་ལེན་དམ་བཅའ་རྣམས་ལག་ལེན་བསྟར་པ་དེ་ང་ཚོས་ཧ་ཅང་གི་གནད་འགག་ཆེན་པོར་རྩི་ཡི་ཡོད་ཅེས་བཤད། མི་མང་བརྒྱ་ཆ་༤༩་ལྷག་གིས་ཌོ་ནལ་ཊམ་གྱིས་ལོ་བཞིར་སྲིད་དབང་བཟུང་བའི་རིང་དེའི་དཔལ་འབྱོར་སྲིད་ཇུས་ལ་མོས་པ་བྱུང་ཞེས་ལན་བཏབ། མི་མང་བརྒྱ་ཆ་༡༧་གྱིས་ཕྱི་མི་གཞིས་ཆགས་པའི་སྲིད་ཇུས་ལ་མོས་མཐུན་སོང་ཟེར། མི་མང་བརྒྱ་ཆ་༡༡་ལྷག་གིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་བསྐོ་བཞག་བྱེད་ཕྱོགས་ལ་མོས་པ་བྱུང་སོང་ཞེས་རང་རང་གི་ལྟ་ཚུལ་རྣམས་བརྗོད། ཡུ་ཊ་སློབ་གྲྭ་ཆེན་མོའི་ཧིན་ཁེ་ལེ་སློབ་གླིང་གི་སྲིད་ཇུས་ཞིབ་འཇུག་ཁང་གི་འགན་འཛིན་ཇཱེ་སན་ཕ་རི་ཞེས་པ་ཞིག་གིས་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོ་ཊམ་གྱི་དཔལ་འབྱོར་འཆར་གཞི་དང་ཕྱི་མི་གཞིས་ཆགས་ལ་འཛིན་པའི་ལངས་ཕྱོགས། རྙིང་ཞེན་ཅན་གྱི་ཁྲིམས་དཔོན་རྣམས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པར་བསྐོ་བཞག་བྱས་པ་སོགས་ལ་དགའ་མོས་བྱུང་འདུག ཁོ་ཚོས་ཌོ་ནལ་ཊམ་ལ་ཐེངས་གསུམ་པར་འོས་ཤོག་འཕངས་ནས་རྒྱབ་སྐྱོར་བྱ་འཆར་འདུག་ཅེས་བཤད།།

ཕྱི་ཟླ་དང་པོའི་ཚེས་༦ ཉིན་གྱི་དོན་རྐྱེན་ལ་ཞིབ་འཇུག་ཚོགས་ཆུང་།
ཕྱི་ཟླ་དང་པོའི་ཚེས་༦ ཉིན་གྱི་དོན་རྐྱེན་ལ་ཞིབ་འཇུག་ཚོགས་ཆུང་།

ཌོ་ནལ་ཊམ་གྱི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་ཁེ་ལི་ཡན་ཀོན་ཝེས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འོས་འདེམས་ཐེངས་གསུམ་པར་ལང་རྒྱུའི་འཆར་གཞི་འདུག ངས་ཁོང་ལ་ཅུང་ཙམ་སྒུག་དགོས་པའི་ལམ་སྟོན་བྱས་པ་ཡིན། ངས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་སྒེར་ངོས་ནས་ལམ་སྟོན་བྱེད་ཀྱི་ཡོད་པ་དང་ཡོངས་གྲགས་སུ་ལམ་སྟོན་བྱེད་ཀྱི་ཡོད་པ་རྣམས་གཅིག་པ་ཡིན། གལ་སྲིད་ཁོང་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདོད་ཡོད་ན་༢༠༢༢་ལོའི་ཨ་རིའི་བར་མའི་འོས་བསྡུ་ཚར་བའི་རྗེས་སུ་གསལ་བསྒྲགས་བྱ་དགོས་པའི་ནན་བརྗོད་བྱས་པ་ཡིན་ཞེས་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་བཅར་འདྲིའི་སྐབས་སུ་ལན་འདེབས་བྱས་འདུག གསར་འགོད་པས་ཌོ་ནལ་ཊམ་ལ་བསྐྱར་དུ་སྲིད་འཛིན་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་འདོད་འདུག་གམ་ཞེས་དྲིས། ཁེ་ལི་ཡན་ཀོན་ཝེས་ཌོ་ནལ་ཊམ་ལ་སྔ་མོ་ནས་སྲིད་འཛིན་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་འདོད་འདུག གཟའ་འཁོར་འདིར་ངས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཁ་བརྡ་ལྷོད་པོ་ཞིག་བྱས་པ་ཡིན། གལ་སྲིད་ཁོང་བསྐྱར་དུ་སྲིད་འཛིན་འོས་མིར་ལངས་ན་ང་ཡང་དེ་ལ་མཉམ་ཞུགས་བྱེད་འདོད་ཡོད་ཅེས་བཤད་ཡོད། ཌོ་ནལ་ཊམ་ལ་འགྲན་ཞུགས་བྱེད་འདོད་ཡོད་ན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་འབྱུང་རྒྱུ་ཉག་གཅིག་རེད། ཁོ་པ་སུ་གཅིག་གིས་ཀྱང་འགོག་མི་ཐུབ། ཡིན་ནའང་མཐར་ཐུག་གི་ཐག་གཅོད་ནི་ཌོ་ནལ་ཊམ་གྱིས་བྱ་དགོས་ཞེས་བཤད། ཁེ་ལི་ཡན་ཀོན་ཝེས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་རྩོད་པ་གཞན་པ་མེད་པ་ནི་མ་རེད། ངས་ལི་ཛི་ཆེ་ཎི་ལྟ་བུའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་ལ་ཌོ་ནལ་ཊམ་གྱིས་དོགས་ཟོན་བྱ་དགོས་ཞེས་ནང་མོལ་བྱས་པ་ཡིན་ཞེས་བཤད།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཕྱོགས་གཅིག་ནས་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཞན་དེར་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཁ་མཆུ་ཆེན་པོ་ཞིག་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་སྟེ། ༢༠༢༡་གི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོ་ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱེད་ཀྱི་ཡོད་པ་བཀག དེར་བརྟེན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༨་པའི་ཚེས་༡་ཉིན་རོ་ལིན་སི་ཊིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱས་ཤིང་། ཌོ་ནལ་ཊམ་གྱིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་དྲག་ཟིང་མ་བཀག་པར་གྲོས་ཚོགས་ལ་གཏོར་རྒོལ་བྱེད་དུ་བཅུག་པར་ཨ་རིའི་དབུས་ཁྲིམས་འཛིན་ལྷན་ཁང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་པར་མ་ཟད། ཁྲིམས་རྩོད་པ་ཚོས་ཌོ་ནལ་ཊམ་ལ་ནག་ཉེས་འཕོག་སྲིད་པའི་བློ་འཚབ་དང་གཞུང་གི་ཉེས་འཛུགས་ལ་དག་འབུད་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་དང་པོའི་ཚེས་༦་གི་གྱེན་ལོག་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཐད་ཀར་འབྲེལ་བ་ཡོད་མེད་གསལ་པོ་མེད་ཀྱང་དོ་བདག་ལ་བློ་འཚབ་ཡོང་གི་ཡོད་པ་གསལ་པོ་ཡིན་ཞིང་། ༢༠༢༢་ལོའི་མགོ་སྟོད་དེར་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ང་ལ་ནག་ཉེས་བཙུགས་ན་ཆབ་སྲིད་ཀྱི་ཁེ་ཕན་འཐོབ་ཐུབ། རྒྱལ་ས་ཝ་ཤིང་ཊོན་དང་ནེའུ་ཡོཀ་གྲོང་ཁྱེར། ཨེ་ཊི་ལན་ཊ་གྲོང་ཁྱེར་སོགས་ཨ་རི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ཏུ་སྔོན་ཆད་བྱུང་མྱོང་མེད་པའི་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་རེད་ཅེས་བསྒྲགས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་སློབ་སྟོན་པ་ཟུར་པ་ཁེ་ལི་ཡན་ཀོན་ཝེས་༢༠༢༡་གི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་གྲོས་ཚོགས་ལ་གྱེན་ལོག་བྱུང་བའི་སྐབས་དེར་སྲིད་འཛིན་ཊམ་གྱིས་ཕོ་བྲང་དཀར་པོར་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཅི་ཞིག་བྱས་པ་ང་ལ་གསལ་ཆ་མེད། དེ་དུས་ང་ཕོ་བྲང་དཀར་པོ་ནས་དགོངས་པ་ཞུས་ཟིན། ངས་ཉིན་དེར་ཕོ་བྲང་དཀར་པོར་ཁ་པར་བཏང་ནས་སྲིད་འཛིན་ཊམ་གྱིས་འཕྲལ་དུ་ཟིང་འཁྲུག་འགོག་དགོས་པའི་ནན་སྐུལ་ཞུས་པ་ཡིན། སྲིད་འཛིན་ཊམ་གྱིས་དེ་མ་ཐག་ཏུ་ཟིང་འཁྲུག་བཀག་ཡོད་ན་ཆོག་ཡོད་ཅེས་བཤད་འདུག

XS
SM
MD
LG