ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཝི་ཁི་གསང་བ་ཕྱིར་སྒྲོགས་པ་ཨ་སན་ཇཱི་ཁྲིམས་ཁང་དུ་ཁྲིད་པ། 


ཝི་ཁི་གསང་བ་ཕྱིར་སྒྲོག་པ་ཇཱུ་ལི་ཨན་ཨ་སན་ཇཱི་ལ་རྒྱབ་སྐྱོར་བ་རྣམས་ཀྱིས་དབྱིན་ཇིའི་ཁྲིམས་ཁང་ཕྱི་ལོགས་སུ་ངོ་རྒོལ་བྱེད་བཞིན་པ། ༢༠༢༠།༩།༧
ཝི་ཁི་གསང་བ་ཕྱིར་སྒྲོག་པ་ཇཱུ་ལི་ཨན་ཨ་སན་ཇཱི་ལ་རྒྱབ་སྐྱོར་བ་རྣམས་ཀྱིས་དབྱིན་ཇིའི་ཁྲིམས་ཁང་ཕྱི་ལོགས་སུ་ངོ་རྒོལ་བྱེད་བཞིན་པ། ༢༠༢༠།༩།༧

༄༅།། ཕྱི་ཟླ་༩་པའི་ཚེས་༧་ཉིན་ཝི་ཁི་གསང་བ་ཕྱིར་སྒྲོག་པ་ཇཱུ་ལི་ཨན་ཨ་སན་ཇཱི་དབྱིན་ཇིའི་ཁྲིམས་ཁང་ཞིག་ལ་བཅར་ནས་ཨ་མི་རི་ཀར་རྩིས་སྤྲོད་བྱེད་མི་ཆོག་ཅེས་ཞུ་གཏུག་བྱས་པ་དང་ཨ་རིའི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱིས་དྲྭ་ལམ་བརྒྱུད་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་དང་གསང་ཉུལ་བྱས་ནས་ཁྲིམས་འགལ་བྱས་སོང་ཞེས་ནག་ཉེས་ཁག་༡༨་བཙུགས། ཨ་རིའི་ཁྲིམས་སྦྱོར་བ་ཚོས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་དེས་ཨ་མི་རི་ཀའི་དམག་དོན་ཉམས་ཞིབ་པ་ཆལ་སི་མན་ནིང་ཞེས་པ་ཞིག་ལ་ཁ་མཐུན་བྱས་ནས་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་གློག་ཀླད་ནང་དུ་འཛུལ། ཁོ་ཚོས་ཨ་རིའི་ཕྱི་འབྲེལ་མི་སྣ་ཁག་དང་དམག་དོན་མི་སྣ་ཁག་གིས་ཨི་རཀ་དང་ཨབ་གྷ་ཎི་སི་ཐན་གྱི་དམག་འཁྲུག་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་རྣམས་ཕན་ཚུན་གཏོང་རེས་བྱས་པ་རྣམས་བརྐུས། ༢༠༡༠་ལར་ཇཱུ་ལི་ཡན་ཨ་སན་ཇཱིས་ཨ་མི་རི་ཀའི་གསང་བའི་ཡིག་ཆ་རྣམས་ཡོངས་གྲགས་སུ་དྲྭ་ལམ་དུ་བཀྲམ། ༢༠༡༦་ལོར་ཨུ་རུ་སུའི་དྲྭ་རྐུན་ཚོས་ཨ་རིའི་དམངས་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གི་གློག་འཕྲིན་རྣམས་བརྐུས། དེ་ནས་ཉིན་ཤས་རྗེས་སུ་ཝི་ཁི་གསང་བ་ཕྱིར་སྒྲོགས་ཀྱི་དྲྭ་ལམ་དུ་ཨ་རིའི་དམངས་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གི་གློག་འཕྲིན་རྣམས་དྲྭ་ལམ་དུ་སྤེལ། ཨ་རིའི་གཞུང་གིས་ཨ་སན་ཇཱིར་ཁྲིམས་ཐག་ལྕི་ཤོས་དེ་བཅད་ན་ལོ་༡༧༥་ལ་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞིང་། ཨ་སན་ཇཱིའི་རྒྱབ་སྐྱོར་པ་མང་པོ་ཞིག་ཁྲིམས་ཁང་གི་ཕྱི་ལོགས་སུ་འདུས་ནས་ཨ་མི་རི་ཀར་རྩིས་སྤྲོད་བྱེད་མི་ཆོག་ཅེས་ཡིག་བྱང་འཁྱེར་ནས་ངོ་རྒོལ་བྱས་འདུག

ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས་ཇཱི་ལི་ཡན་ཨ་སན་ཇཱིར་ནག་ཉེས་བཙུགས་ཡོད་པ་དེའི་གྲས་སུ་ཨ་མི་རི་ཀའི་གཞུང་གི་གློག་ཀླད་ནང་དུ་ལྐོག་འཛུལ་བྱས་སོང་། ཇཱུ་ལི་ཡན་ཨ་སན་ཇཱིས་ཨེ་ཤི་ཡ་དང་ཡུ་རོབ་བཅས་ཀྱི་དྲྭ་རྐུན་རྣམས་རྩ་འཛུགས་བྱས་ནས་ཨ་རིའི་གསང་བའི་ཡིག་ཆ་ཁག་བརྐུ་རུ་བཅུག་སོང་ཞེས་བཀོད། དབྱིན་ཇིའི་ཁྲིམས་ཁང་གིས་བདུན་ཕྲག་འགའ་ཞིག་ནས་དུས་ཡུན་ཟླ་བ་༧་ཡས་མས་ཤིག་ལ་ཉན་ཞིབ་བྱས་ནས་ཐག་གཅོད་བྱ་དགོས། མཐར་ཁྲིམས་ཁང་གིས་ཐག་གཅོད་ཇི་ལྟར་བྱས་ཀྱང་ཤོར་མཁན་ཚོས་བསྐྱར་དུ་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་དུས་ཡུན་ནར་འགྱངས་གཏོང་ཐུབ། གལ་སྲིད་ཁྲིམས་ཁང་གིས་ཇཱུ་ལི་ཡན་ཨ་སན་ཇཱི་རྩིས་སྤྲོད་བྱ་དགོས་ཞེས་ཁྲིམས་ཐག་བཅད་ཀྱང་དབྱིན་ཇིའི་སྲིད་གཞུང་ལ་མཐར་ཐུག་གི་ཐག་གཅོད་དབང་ཚད་ཡོད་ཅིང་། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཨ་མི་རི་ཀར་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐབས་བྱེད་ཀྱི་ཡོད་པར་བརྟེན། གལ་སྲིད་ཇཱུ་ལི་ཡན་ཨ་སན་ཇཱི་ཨ་མི་རི་ཀར་རྩིས་སྤྲོད་མ་བྱས་ན་ལོན་ཌོན་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་སོང་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ལ་འགལ་རྐྱེན་འབྱུང་སྲིད། གལ་སྲིད་དབྱིན་ཇིའི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱི་ཨ་མི་རི་ཀར་རྩིས་སྤྲོད་བྱེད་ན་རྒྱལ་ཁབ་དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་གསར་འགོད་པ་ཚོས་ངོ་རྒོལ་བྱ་རྒྱུ་ཡིན་པས་དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན་ཅི་བྱ་གཏོལ་མེད་ཀྱི་གནས་ལ་ལྷུང་འདུག

ད་ལྟ་ལོ་ན་༤༩་ལ་སོན་པའི་ཇཱུ་ལི་ཡན་ཨ་སན་ཇཱི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སྲུང་སྐྱོབ་ཧ་ཅང་དམ་པོ་ཡོད་པའི་བཙོན་ཁང་ཞིག་ཏུ་བཅུག་ནས་བཞག་ཡོད་ཅིང་། ཨ་སན་ཇཱིའི་རྒྱབ་སྐྱོར་པ་ཚོས་ཝི་ཁི་གསང་བ་ཕྱིར་སྒྲོགས་པས་ཡོགས་གྲགས་སུ་བཀྲམ་པའི་ཡིག་ཆ་དེ་རྣམས་ཨ་མི་རི་ཀའི་དམག་གིས་ཁྲིམས་འགལ་བྱས་པ་རྣམས་ཐེར་འདོན་བྱས་པ་རེད། ཇཱུ་ལི་ཡན་ཨ་སན་ཇཱིས་གསར་འགོད་པའི་ལས་དོན་བསྒྲུབས་པ་རེད་ཅེས་སྒྲུབ་བྱེད་བཀོད། ཁོ་པས་ཕྱིར་བསྒྲགས་བྱས་པའི་ཡིག་ཆ་དེའི་ནང་དུ་༢༠༠༧་ལོར་ཨ་མི་རི་ཀའི་དམག་གི་ཐད་འཕུར་གནམ་གྲུ་ཞིག་གིས་མེ་ཤུགས་འཕུར་མདེལ་བརྒྱབ་སྟེ་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་གཉིས་ཚུད་པའི་མི་༡༡་བསད་པ་རྣམས་ཐེར་འདོན་བྱས་ཡོད་པར་མ་ཟད། ཁ་སྔོན་ཕྱི་ཟླ་༢་པ་ནས་ཁྲིམས་ཁང་གིས་ཇཱུ་ལི་ཡན་ཨ་སན་ཇཱིའི་གྱོད་གཞི་ལ་ཉན་ཞིབ་བྱ་རྒྱུ་འགོ་ཚུགས་ཀྱང་ཏོག་དབྱིབས་རིམས་ཁྱབ་གདལ་ཕྱིན་པའི་སྟབས་ཀྱིས་ཉན་ཞིབ་གྱི་རྒྱུད་རིམ་ཕྱིར་འགྱངས་བྱས་ཤིང་། གསར་འགོད་པ་ཚོས་ཁྲིམས་ཁང་སྒོ་འགྲམ་དུ་ཨ་སན་ཇཱིར་ཨ་མི་རི་ཀར་རྩིས་སྤྲོད་བྱ་རྒྱུ་དེར་མོས་མཐུན་ཡོད་དམ་ཞེས་དྲིས་པར་མོས་མཐུན་གཏན་ནས་མེད་ཅེས་ལན་བཏབ། ཉན་ཞིབ་ཀྱི་སྔོན་དེར་ཇཱུ་ལི་ཡན་ཨ་སན་ཇཱིའི་ཟླ་གྲོགས་དང་བུ་གཉིས་ཀྱི་ཨ་མ་དེས་ཇཱུ་ལི་ཡན་ཨ་སན་ཇཱི་ཟླ་བ་༦་གི་རིང་ལ་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་བཅུག་མ་སོང་ཞེས་བཤད།།

ཨ་སན་ཇཱི་ཟླ་གྲོགས་མོ་རི་སི་ཡིས་འགྲོ་འོང་བཀག་སྡོམ་བྱས་ནས་བཟུང་སྟེ་ང་བདུན་ཕྲག་གཉིས་ཀྱི་སྔོན་དུ་ཁོ་པར་ཐུག་འཕྲད་ཐེངས་དང་པོ་བྱེད་ཐུབ་སོང་། ང་ཚོ་ཐེངས་སྔོན་མར་ཐུག་འཕྲད་དུ་བསྐྱོད་པར་བསྡུར་ན་ཨ་སན་ཇཱི་ཧ་ཅང་སྐམ་འདུག ཁོ་པ་ནད་མནར་དང་ལུས་ཁམས་བདེ་ཐང་གཏན་ནས་མི་འདུག ངས་བུ་ཆུང་ལོ་གསུམ་ལ་སོན་པ་དང་བུ་ཆུང་ལོ་གཅིག་དང་ཟླ་༧་ལ་སོན་པ་གཉིས་ཀ་མཉམ་དུ་ཁྲིད་པ་ཡིན། ཡིན་ནའང་ང་ཚོས་ཁོ་པར་ལག་པ་འཆང་ན་ཐུག་འཕྲད་ཀྱི་དུས་ཡུན་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་སོང་། གལ་སྲིད་དབྱིན་ཇིའི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱི་ཨ་མི་རི་ཀར་རྩིས་སྤྲོད་བྱས་ན་ཨ་རིའི་གདུག་རྩུབ་ཆེ་བའི་ཉེས་ཁྲིམས་འོག་ཏུ་གསོན་གནས་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། མོ་རི་སི་དང་རྒྱལ་སྤྱིའི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་དབྱིན་ཇིའི་སྲིད་བློན་ལ་སྙན་ཞུ་ཕུལ་ནས་ཇཱུ་ལི་ཡན་ཨ་སན་ཇཱི་རྩིས་སྤྲོད་བྱེད་མི་དགོས་པའི་འབོད་སྐུལ་ཞུས། ཇཱུ་ལི་ཡན་ཨ་སན་ཇཱི་དབྱིན་ཡུལ་དུ་བཅའ་སྡོད་ཨི་ཁོ་དྷོར་གྱི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་ཞུས་ནས་ལོ་༧་ལ་བསྡད། དེའི་རིང་དུ་ཟླ་གྲོགས་མོ་རི་སི་དང་ལྷན་དུ་བཤོས་ནས་ཕྲུ་གུ་གཉིས་སྐྱེས། མཐར་ཨི་ཁོ་དྷོར་གྱི་གཞུང་ཚབ་ཁང་གི་ཆོག་མཆན་ལྟར་དབྱིན་ཇིའི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱི་འཛིན་བཟུང་བྱས་ནས་བཙོན་དུ་བཅུག

ཇཱུ་ལི་ཡན་ཨ་སན་ཇཱིའི་ཁྲིམས་རྩོད་པ་ཚོས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་དབྱིན་ཇིའི་ཁྲིམས་ཁང་ལ་སྤྲད་པའི་ཉེས་འཛུགས་ཀྱི་ཡིག་ཆ་དེ་ཚོར་ཞིབ་འཇུག་བྱེད་པའི་དུས་ཚོད་སྤྲོད་དགོས། སྐུ་ཞབས་ཨ་སན་ཇཱིས་ཕྱིར་བསྒྲགས་བྱས་པའི་ཡིག་ཆ་དེ་རྣམས་ཨ་མི་རི་ཀས་དམག་འཁྲུག་གི་ནག་ཉེས་བསགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་བ་ཐེར་འདོན་བྱས་པ་ཞིག་རེད། དེར་བརྟེན་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཀུན་སློང་བཅངས་ནས་ཇཱུ་ལི་ཡན་ཨ་སན་ཇཱི་རྩིས་སྤྲོད་བྱ་དགོས་ཟེར་གྱི་འདུག་ཅེས་དགག་པ་བརྒྱབ། དེང་སྐབས་དབྱིན་ཡུལ་ལ་སླར་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་དང་སྤྱི་ཚོགས་རྒྱང་བཀྱེད་བྱ་དགོས་པས་ཁྲིམས་ཁང་དུ་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པས་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་ལས་འགུལ་བ་ཕོན་ཆེ་ཞིག་ཁྲིམས་ཁང་དུ་འདུ་ཐུབ་མེད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་ཚོགས་པ་ཁག་གིས་ཨ་མི་རི་ཀས་ཇཱུ་ལི་ཨ་སན་ཇཱིར་ནག་ཉེས་བཙུགས་པར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་སྟེ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཇཱུ་ལི་ཡན་ཨ་སན་ཇཱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཞིག་ཐེབས་རྒྱུ་རེད། ཨ་མི་རི་ཀས་གསང་ཉུལ་དང་གསང་བའི་གནས་ཚུལ་རྐུ་འཁྱེར་ཞེས་པའི་ནག་ཉེས་ཤིག་འཛུགས་ཀྱི་ཡོད་པ་འདིས་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་། གསར་འགོད་པ་ཚོས་རང་གི་ལས་དོན་ཞིབ་བཤེར་བྱས་ནས་གནས་ཚུལ་དྲང་པོར་འགྲེམ་སྤེལ་བྱེད་མི་ཐུབ་པའི་མཇུག་འབྲས་ངན་པ་ཞིག་སྨིན་རྒྱུ་རེད་ཅེས་བསྒྲགས།།

XS
SM
MD
LG