ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་སྲིད་འཛིན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་འབྱོར། 


༄༅།། དེ་རིང་ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚམས་འདྲིར་འབྱོར་ཡོད་ཅིང་། འདི་ནི་ལོ་འདིའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། སྲིད་འཛིན་ཛེ་ལན་སི་ཀི་རང་གི་རྒྱལ་ཁབ་ཀྱི་ཕྱི་ལོགས་སུ་ཕེབས་པ་ཐེངས་དང་པོ་ཡིན་འདུག གཟའ་ལྷག་པའི་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁུངས་སོགས་ཀྱིས་སྲིད་འཛིན་ཛེ་ལན་སི་ཀི་ཕོ་བྲང་དཀར་པོར་ཕེབས་ཏེ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ལ་ཐུག་འཕྲད་གྲོས་མོལ་གནང་གི་ཡོད་པ་དེ་ཡུཀ་རེན་དང་དམངས་གཙོའི་ལམ་ལུགས་ལ་རྒྱལ་ཁ་ཞིག་ཡིན་ཞིང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་བཙན་དབང་རིང་ལུགས་ལ་ཕམ་ཉེས་ཤིག་རེད། ལྷག་པར་དུ་ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འཐབ་རྒོལ་བྱེད་བཞིན་པའི་སྐབས་འདིར་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཐུབ་པ་ནི་རྒྱལ་ཁབ་དེའི་དམག་དང་མི་དམངས་ལ་སྙིང་སྟོབས་བསྐྱེད་གཞི་ཞིག་ཏུ་འགྱུར་ངེས་རེད་ཅེས་གནས་ཚུལ་སྤེལ་འདུག འདས་པའི་ཟླ་བ་བཅུའི་རིང་ཨ་མི་རི་ཀ་གཙོས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་བཅས་ཀྱིས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར། གསང་བའི་གནས་ཚུལ་མཁོ་སྤྲོད། ཡུཀ་རེན་གྱི་བཙན་བྱོལ་བ་ས་ཡ་མང་པོར་ལྟ་རྟོག ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་རྒྱ་སྐྱེད་རིང་ལུགས་པའི་ཧམ་སེམས་ལ་འཐབ་རྒོལ། ཡུཀ་རེན་སླར་ཡང་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་བསྡུ་ཐབས་ཀྱི་དམིགས་ཡུལ་འགྲུབ་ཏུ་མ་བཅུག ལོ་༨༡་གི་སྔོན་གྱི་ཕྱི་ཟླ་༡༢་པའི་ཚེས་༧་ཉིན་ཉི་ཧོང་གིས་ཨ་མི་རི་ཀའི་མུ་ཏིག་གྲུ་ཁ་གཏོར་རྒོལ་བྱུང་། ལོ་དེའི་ཕྱི་ཟླ་༡༢་པའི་ཚེས་༢༢་ཉིན་དབྱིན་ཇིའི་སྲིད་བློན་ཝིན་སི་ཊོན་ཆིར་ཆིལ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཏེ་དབྱིན་ཇི་དང་ཨ་མི་རི་ཀའི་འབྲེལ་བ་སྲ་བརྟན་དུ་བསྒྱུར། ཨ་མི་རི་ཀ་དང་དབྱིན་ཇི་གཉིས་མཉམ་འབྲེལ་གྱིས་འཛམ་གླིང་དམག་ཆེན་གཉིས་པར་ཞུགས་ནས་རྒྱལ་ཁ་བླངས་ཏེ་དམག་འཁྲུག་རྗེས་སུ་དམངས་གཙོའི་ལམ་ལུགས་བཙུགས། ད་ལྟ་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་ཕེབས་ནས་སྲིད་ཛིན་བྷ་ཌན་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དབྱིན་ཇིའི་སྲིད་བློན་ཆིར་ཆིལ་ཕོ་བྲང་དཀར་པོར་འཚམས་འདྲིར་ཕེབས་ནས་སྲིད་འཛིན་རུ་སི་ཝེལ་ཊིར་ཐུག་འཕྲད་གྲོས་མོལ་བྱས་པ་དང་གཅིག་པ་རེད་ཅེས་གནས་ཚུལ་ཐོན།།

ཨ་མི་རི་ཀ་འཛམ་གླིང་དམག་ཆེན་གཉིས་པར་མ་ཞུགས་སྔོན་དེར་དབྱིན་ཇི་གཅིག་པུས་ཧི་ཐེ་ལེས་འགོ་ཁྲིད་པའི་འཇར་མན་ན་ཛི་གཞུང་གི་བཙན་འཛུལ་ལ་འགོག་རྒོལ་བྱས་པ་དང་དེང་སྐབས་ཡུཀ་རེན་གཅིག་པུས་ཨུ་རུ་སུའི་བཙན་འཛུལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གཉིས་གཅིག་མཚུངས་སུ་གྱུར། སྲིད་འཛིན་ཛེ་ལན་སི་ཀིའི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀའི་གཞུང་དང་ཕོ་བྲང་དཀར་པོ། གྲོས་ཚོགས་ཀྱི་ཚོགས་བཅས་ཀྱིས་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་རྣམས་བདེན་པ་ཡིན་མིན་ངེས་གཏན་མ་བྱས། མདང་དགོང་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ང་ཚོས་ཅང་ཤེས་ཀྱི་མེད། ང་ཚོས་ཅང་ཤེས་ཀྱི་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཨ་མི་རི་ཀའི་གསར་འགྱུར་ལས ཁུངས་ཁག་གིས་གཟའ་མིག་དམར་གྱི་དགོང་མོར་སྲིད་འཛིན་ཛེ་ལན་སི་ཀི་རང་ཡུལ་ནས་ཨ་མི་རི་ཀར་ཕེབས་ཐོན་གནང་ཟིན་འདུག གཟའ་ལྷག་པའི་ཉིན་ཕོ་བྲང་དཀར་པོར་སྲིད་འཛིན་ཇཱོ་བྷ་ཌན་དང་ཐུག་འཕྲད་གྲོས་མོལ་གནང་གི་ཡོད་པ་ནི་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་འཚོ་གནས་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་དམག་འཁྲུག་རྒྱག་གི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་གསལ་པོར་མཚོན་ཐུབ། སྲིད་འཛིན་བྷ་ཌན་ནས་ཡུཀ་རེན་གྱི་དམག་འཁྲུག་ནི་འཛམ་གླིང་གི་དམངས་གཙོའི་ལམ་ལུགས་དང་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་འཐབ་རྩོད་ཅིག་ཏུ་བརྩིས་ཏེ་ཕྱི་སྲིད་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་འདིར་ཡུཀ་རེན་ལ་འཚམས་འདྲིར་ཕེབས་པའི་ཨ་རི་ཛོ་ན་མངའ་སྡེའི་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རུ་བྷན་གྷེ་ལ་གྷོས་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཀྱི་ཡོད་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་རེད། ཁོང་གིས་ཨ་མི་རི་ཀ་དང་ཡུཀ་རེན། ཨ་རིའི་མི་དམངས་དང་ཡུཀ་རེན་མི་དམངས་ཀྱི་འབྲེལ་ཡར་རྒྱས་གཏོང་རྒྱུ། ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་རྒྱལ་ཁ་ལེན་ཐུབ་རྒྱུ་དེར་ཨ་མི་རི་ཀས་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་ཡུཀ་རེན་ལ་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཐབས་ཀྱི་དོན་དུ་ཝ་ཤིང་ཊོན་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད་ཅེས་གསར་འགོད་པ་ཚོར་བཤད། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་དྲིལ་བསྒྲགས་ཆེན་པོ་བྱུང་བ་དང་ཨ་མི་རི་ཀས་ཡུཀ་རེན་ལ་འཕུར་མདེལ་འགོག་སྲུང་མཚོན་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རྣམས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གཏམ་ངན་ཞིག་ཏུ་འགྱུར་ཤས་ཆེ། ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིངས་ཏེ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ལོ་དང་ཟླ་བ་བསྟུད་ནས་རྒྱབ་སྐྱོར་བྱེད་མི་ཐུབ་པར་ཡི་ཐང་ཆད་དུ་འཇུག་རྒྱུ། ད་ལྟའི་དགུན་གྱི་དུས་སུ་ཨུ་རུ་སུས་འཕུར་མདེལ་འཕངས་ནས་ཡུཀ་རེན་གྱི་གློག་ཁང་ཁག་གཏོར་བཤིག་བཏང་སྟེ་ཡུཀ་རེན་མི་དམངས་ཀྱིས་འཁྱག་སྡུག་མ་བཟོད་པར་ཨུ་རུ་སུར་མགོ་སྒུར་དུ་འཇུག་རྒྱུའི་རྩིས་རྒྱག་གི་ཡོད་པ་རྣམས་རྩིས་ལོག་ཐེབས། སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚམས་འདྲིར་ཕེབས་དགོས་པའི་རྒྱུ་མཚན་གཞན་པ་ཞིག་ནི་ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཨ་མི་རི་ཀའི་བར་མའི་འོས་བསྡུའི་སྐབས་སུ་སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ། སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཡུཀ་རེན་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་ཚོད་མེད་ཅིག་སྤྲོད་རྒྱུ་མིན་ཞེས་གླེང་སློང་བྱེད་ཀྱི་ཡོད་པར་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཛེ་ལན་སི་ཀིས་ང་ཨ་མི་རི་ཀར་འཚམས་འདྲིར་སྐྱོད་པའི་ལམ་ཐོག་ཏུ་ཡོད། ང་ཨ་མི་རི་ཀར་འཚམས་འདྲིར་བསྐྱོད་ནས་ཡུཀ་རེན་གྱི་འཐབ་རྒོལ་དང་དཀའ་སྤྱད་ཀྱི་ནུས་པ་ཆེ་རུ་གཏོང་ཐབས་བྱ་འཆར་ཡོད། ངས་ཨ་རིའི་གྲོས་ཚོགས་ལ་གཏམ་བཤད་བྱས་ནས་འཐུས་མི་མང་པོར་ཐུག་འཕྲད་བྱ་འཆར་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་དམག་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་སྲིད། ཨ་མི་རི་ཀར་སྐྱབས་བཅོལ་ནས་ཡུཀ་རེན་ལ་ཕན་ཐོགས་འབྱུང་གི་མ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་མ་འབྱོར་གོང་དེར་ཕོ་བྲང་དཀར་པོས་ཡུཀ་རེན་གྱི་རྒྱལ་སྲུང་དོན་དུ་སླར་ཡང་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་རོགས་རམ་སྤྲོད་རྒྱུའི་ཐག་བཅད། ཡིན་ནའང་ཨ་མི་རི་ཀས་ཡུཀ་རེན་གྱི་ས་མཚམས་བརྒལ་ནས་ཨུ་རུ་སུའི་ས་ཐོག་ཏུ་སྙོབ་པའི་རྒྱང་འཕེན་འཕུར་མདེལ་སྤྲོད་རྒྱུ་མིན་པ་དང་ཁ་སང་གཟའ་མིག་དམར་ཉིན་སྲིད་འཛིན་ཛེ་ལན་སི་ཀི་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཆགས་པའི་བྷ་ཧ་མུ་ཏ་གྲོང་རྡལ་དུ་ཕེབས་ནས་ཡུཀ་རེན་གྱི་དམག་མི་ཚོར་ཐུག་འཕྲད་དང་འཚམས་འདྲི། ཡུཀ་རེན་གྱི་དམག་གིས་རང་སྲོག་བློས་བཏང་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བསྔགས་བརྗོད་བྱས་འདུག

ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤༥༠་ཐམ་པའི་རོགས་སྐྱོར་སྤྲོད་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་པར་མ་ཟད། གཟའ་འཁོར་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༡༨༠་ཐམ་པའི་རོགས་སྐྱོར་སྤྲོད་རྒྱུའི་ཐག་གཅོད་བྱུང་། ནུབ་ཆིངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ཀྱང་ཡུཀ་རེན་ལ་མཚོན་ཆ་དང་དམག་དོན་འགྲོ་གྲོན། སྨན་དང་མདེའུ་སོགས་ཀྱི་རོགས་སྐྱོར་མུ་མཐུད་དུ་སྤྲོད་རྒྱུའི་ཁས་ལེན་ཐོབ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་དམག་སྤྱི་ཝེ་སི་ལི་ཁེ་ལར་ཀེས་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་དུས་ཚོད་འདི་གནད་འགག་གི་དུས་སྐབས་ཤིག་རེད། ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཡར་ཐོན་མཚོན་ཆ་མ་སྤྲད་ན་ཨུ་རུ་སུ་ཕམ་ཐབས་བྲལ། ད་ལྟའི་སྐབས་འདིར་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ཉམས་ཟིན་ཡོད་ཀྱང་ལོ་རྗེས་མའི་དབྱར་དུས་ཨུ་རུ་སུའི་དམག་གི་སྟོབས་ཤུགས་སླར་གསོ་བྱེད་ཐུབ། དེས་ན་དགུན་གྱི་དུས་འདིར་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ཉམས་ཟིན་ཡོད་པའི་གོ་སྐབས་བཟུང་ནས་ཡུཀ་རེན་གྱིས་རྒྱལ་ཁ་ལེན་དགོས་ཞེས་བཀྲལ། ཨ་མི་རི་ཀ་དང་དབྱིན་ཇི་སོགས་ཀྱི་རྒྱལ་སྲུང་ལྷན་ཁང་དང་གསང་བའི་ལས་ཁུངས་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཕྱོགས་གཉིས་ཀར་ཉུང་མཐའ་ཡང་དམག་མི་འབུམ་༡་རེ་བསད་རྨས་བྱུང་། ཡུཀ་རེན་གྱི་མི་མང་དཀྱུས་མ་ཁྲི་ཚོ་༤་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག ཡུཀ་རེན་བ་ས་ཡ་༧་དང་འབུམ་༨་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་ལ་འགྲོ་དགོས་བྱུང་འདུག་ཅེས་མཉམ་འབྲེལ་རྒྱལ་ཚོགས་སུ་གཞི་གྲངས་སུ་འཁོད། མཉམ་འབྲེལ་གསར་ཁང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དངོས་སུ་ཐུག་འཕྲད་གྲོས་མོལ་བྱུང་ན་ཨ་མི་རི་ཀས་ཡུཀ་རེན་ལ་དེང་རབས་ཅན་མཚོན་ཆ་ཁག་ཅིག་སྤྲོད་སྲིད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG