ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་གློ་བུར་དུ་ཨ་རིའི་ཁེ་ལས་པ་ཚོར་རྣམ་འགྱུར་ཡག་པོ་བསྟན་དགོས་དོན་ཅི་ཡིན་ནམ།


ཨ་མེ་རི་ཀའི་ཚོང་དོན་སྣེ་ཡོད་ཁག་ཅིག་རྒྱ་ནག་ཏུ་འབྱོར་སྐབས།
ཨ་མེ་རི་ཀའི་ཚོང་དོན་སྣེ་ཡོད་ཁག་ཅིག་རྒྱ་ནག་ཏུ་འབྱོར་སྐབས།

༄༅། །རེས་གཟའ་ལྷག་པའི་ཉིན། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཕྱོགས་ཡོངས་ནས་ཉམས་ཆག་འགྲོ་བཞིན་པ་དང་བསྟུན་ནས། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནས་མ་རྩ་ཕྱིར་འཐེན་བྱེད་བཞིན་པའི་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ཏུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཨ་རིའི་ཚོང་ལས་སྡེ་ཚན་གྱི་སྣེ་ཡོད་མི་སྣ་དང་ཁེ་ལས་པ་མི་༡༣ ཙམ་ལ་ཐུག་འཕྲད་བྱས་ཏེ། ཁོང་ཚོའི་བློ་སེམས་འགུག་ཐབས་ཆེད་དུ་རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་རབས་དང་། ཚོང་གི་ཁོར་ཡུག་ཡག་པོ་ཡིན་རབས་སོགས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག།

མ་དངུལ་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ནམ་རྒྱུན་སྒེར་གཅོད་ཀྱི་སྲིད་དབང་སྲ་བརྟན་གཏོང་མཁན་དང་། སོ་སོ་དང་ལྟ་བ་ལངས་ཕྱོགས་དང་། སྤྱོད་ལམ་ཁྱེར་སྟངས་སོགས་ཐ་དད་འཛིན་མཁན་ཡོད་ཚད་ལ་རྡུང་རྡེག་དྲག་པོ་གཏོང་མཁན་དང་། དེ་བཞིན་ཨ་མེ་རི་ཀ་དེ་བཞིན་སོ་སོའི་དགྲ་ཁ་གཏད་དང་འགྲན་རྩོད་བྱ་ཡུལ་ཉག་གཅིག་ཏུ་བརྩི་མཁན་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཉེ་ལམ་རྒྱ་ནག་མི་དམངས་ཚོགས་ཆེན་ཞེས་པའི་ཚོམས་འདུའི་ཐོག་ཨ་རིའི་ཁེ་ལས་པ་༡༣ ལ་སྣེ་ལེན་བྱས་ནས་ཁོང་ཚོ་དང་མཉམ་པར་བླངས་ཡོད་པར་མ་ཟད། དུས་ཡུན་ཆུ་ཚོད་༢ ཙམ་རིང་ལ་ཨ་མེ་རི་ཀའི་ཁེ་ལས་པ་ཚོས་བཏོན་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག།

ད་ལན་ཚོགས་འདུ་དེའི་ཐོག་ཨ་རིའི་ཁེ་ལས་པ་ཁག་ཅིག་གི་སྣེ་ཁྲིད་ནས་མཉམ་ཞུགས་གནང་མཁན་ཨ་མེ་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལྷན་ཚོགས་ཀྱི་འགན་འཛིན་སི་ཐི་ཝུ་ཨོར་ལིན་སི་ལགས་ Steve Orlins ཀྱིས་བརྗོད་དོན་དུ། ཞི་ཅིན་ཕིང་ལ་ཆ་མཚོན་ན་ཐེངས་འདིའི་འཁྲབ་སྟོན་དེ་ནི་ནམ་རྒྱུན་དུ་གཟབ་ནན་དང་ལྐུགས་པ་ཨུ་ཚུགས་ཚ་བའི་རྣམ་པ་ལས་ལྡོག་སྟེ་ཏོག་ཙམ་མ་འདྲ་བ་ཞིག་ཡིན་ཞིང་། ཞི་ཅིང་ཕིང་གིས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་གསོན་ཤུགས་ཆེན་པོ་ཡོད་རབས་དང་། ཚོང་གི་ཁོར་ཡུག་ཇེ་ལེགས་ཇེས་རྒྱས་སུ་འགྲོ་བཞིན་ཡོད་ཚུལ་བཤད་ཡོད་པ་རེད། ཡིན་ནའང་། སི་ཐི་ཝུ་ཨོར་ལིན་སི་ལགས་ཀྱིས་དོན་དམ་ལ་ད་ལན་ཚོགས་འདུ་དེ་འདྲ་ཞིག་འཚོགས་པའི་དུས་ཚོད་དེ་ནི་ཏག་ཏག་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ལ་ཤུགས་སྣོན་རྒྱག་བཞིན་པ་དང་། ས་ཁང་ལས་རིགས་ལ་ཉམས་ཆག་ཕྱིན་པ། ཕྱིའི་རྒྱལ་ཁབ་ཁག་གི་མ་རྩ་དང་བཟོ་ཚོང་ཁང་ཚོ་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་ནས་ཕྱིར་འཐེན་བྱེད་བཞིན་པའི་སྐབས་ལ་ཁེལ་བ་ཞིག་རེད་ཅེས་བརྗོད་འདུག།

དཔལ་འབྱོར་ལ་དཀའ་ཁག་འཕྲད་པ་དང་། ས་ཁམས་ཆབ་སྲིད་ཀྱི་ཆ་ནས་ཨ་མེ་རི་ཀ་དང་འབྲེལ་ལམ་ཉིན་རེ་བཞིན་ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་དེས་རྒྱ་ནག་ཏུ་ཕྱི་རྒྱལ་བ་མ་རྩ་འཛུགས་འཇོག་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་དོན་དངོས་གནས་ཚུལ་ཡིན་ཞིང་། ན་ནིང་ལོར་མ་རྩ་འཛུགས་འཇོག་ཆེད་རྒྱ་ནག་ཏུ་ཡོང་མཁན་གྱི་ཕྱི་རྒྱལ་བའི་གྲངས་འབོར་དེ་བཞིན་དུས་རབས་༢༠ པའི་ལོ་རབས་༩༠ པ་ཚུན་ཆད་ཚད་དམའ་ཤོས་སུ་སླེབས་ཡོད་ཀྱང་། ན་ནིང་ལོའི་ལོ་དཀྱིལ་ཙམ་ནས་བཟུང་། རྒྱ་ནག་གིས་རྟག་པར་ཨ་རི་དང་འབྲེལ་ལམ་བརྟན་པོ་ཞིག་ཡོང་ཐབས་བྱེད་བཞིན་པའི་ཁོངས་ལས། ན་ནིང་ལོའི་སྤྱི་ཟླ་༡༡ པའི་ནང་ཞི་ཅིན་ཕིང་གིས་སན་ཧྥུ་རན་སེ་སི་ཁོའི་གྲོང་ཁྱེར་དུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་དང་མཇལ་འཛོམས་སྐབས་སུ། ཞི་ཅིན་ཕིང་གིས་ཨ་རིའི་དོན་ཚོང་མི་སྣའི་དགོང་ཚིགས་སུ་མཉམ་ཞུགས་བྱས་ཡོད་པར་མ་ཟད། ད་ལོར་རྒྱ་ནག་ཏུ་དེ་འབྲེལ་གྱི་ལས་དོན་ཁག་ཅིག་བསྒྲུབ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། སི་ཐི་ཝུ་ཨོར་ལིན་སི་ལགས་ཀྱིས་གསུངས་དོན་བྱས་ན། རྒྱུ་མཚན་དེར་བརྟེན་ད་ལན་པེ་ཅིང་དུ་སྐོང་འཚོགས་བྱས་པའི་ལོ་འཁོར་ཚོགས་འདུའི་ཐོག་ཡུ་རོབ་ཀྱི་ཚོང་དོན་མི་སྣ་གདན་འདྲེན་ཞུས་མེད་པའང་དེ་དོན་ཡིན་པ་རེད།

ཞི་ཅིན་ཕིང་གིས་སྣེ་ཡོད་ཚོར་ས་ཁང་ལས་རིགས་དེ་སྔར་བཞིན་དཀའ་ངལ་ཞིག་ཡིན་ཡང་། གཞུང་གི་ངོས་ནས་ཡོང་འབབ་ཉུང་བ་ལས་མེད་མཁན་རྣམས་དང་། རྒན་འཁོགས་རྣམས་ལ་སྡོད་གནས་ཁང་པ་མཁོ་འདོན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཞི་ཅིན་ཕིང་གིས་ད་དུང་སྒེར་གཉེར་སྡེ་ཚན་གྱི་གལ་ཆེན་རང་བཞིན་དང་། ཨ་རི་དང་འབྲེལ་ལམ་འཛིན་ཕྱོགས་ཐད་བདེ་འཇགས་ལ་དམིགས་པ་གཏད་དྲགས་པའི་སྐོར་བློ་འཚབ་དང་བཅོས་བསྒྱུར་བྱ་འདོད་ཡོད་པའང་བརྗོད་ཡོད་ཅིང་། རྒྱ་ནག་གིས་འཛམ་གླིང་ཐོག་ཨ་རིས་བཏོན་དང་འདོན་བཞིན་པའི་ནུས་པའི་ཚབ་བྱ་འདོད་མེད་སྐོར་བརྗོད་ཡོད་པར་མ་ཟད། རྒྱ་ནག་གིས་ཉལ་ཐ་ཧྥེན་ཐེ་ནཱིའི་རྒྱུ་ཆའི་སྟངས་འཛིན་སྐོར་ནས་ཀྱང་སྐད་ཆ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག།

ད་ལན་གྱི་བྱེད་སྒོ་དེའི་ནང་མཉམ་ཞུགས་གནང་མཁན་གྱི་མི་སྣས་གནས་ཚུལ་མཁོ་འདོན་གནང་བ་ལྟར་ན། ཟླ་བ་འདིའི་ནང་ནིའུ་ཡོག་ཏུ་སྐོང་འཚོགས་གནང་བའི་མ་རྩ་འཛུགས་འཇོག་གི་ཚོགས་འདུའི་ཐོག་ནས་ཀྱང་། རྒྱ་ནག་གི་སྣེ་ཡོད་དཔོན་རིགས་ཤིག་གིས་མ་རྩ་འཛུགས་འཇོག་བྱེད་མཁན་ལ་བརྗོད་དོན་ལྟར་ན། རྒྱ་ནག་གི་དཔལ་འབྱོར་ལ་ཡར་རྒྱས་འགྲོ་བའི་རྒྱུ་གསུམ་བྱུང་ཡོད་པ་ལས། བཟོ་སྐྲུན་ལས་རིགས་ལ་བསྐྱར་དུ་གསོན་ཤུགས་སླེབས་ཡོད་པ་དང་། མཛད་སྤྱོད་ཡར་རྒྱས་ཕྱིན་པ། ཚོང་ཟོག་ཕྱིར་གཏོང་གི་ཁྲོམ་ར་རྒྱ་ཇེ་ཆེར་བཏང་ཐུབ་ཡོད་བཅས་ཡིན་ལུགས་བརྗོད་འདུག། འོན་ཀྱང་གནད་དོན་དབྱེ་ཞིབ་པས་དབྱེ་ཞིབ་བྱས་པ་ལྟར་ན། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་དབར་གྱི་ཚོང་དོན་གྱི་སྣེ་ཡོད་ཚོས་ཞི་འགྲིག་བྱས་པ་དེར་ཅིག་བྱས་ན་ཨ་རིའི་དང་པེ་ཅིང་གི་སྲིད་དོན་གྱི་ལྟ་བ་མཁྲེགས་པོ་འཛིན་མཁན་ཚོས་ངོ་རྒོལ་བྱ་རྒྱུ་ཡིན་པ་དང་། ཨ་རིའི་སྐྱོན་བརྗོད་བྱེད་མཁན་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་ཨ་རིའི་ཁེ་ལས་བེད་སྤྱོད་ལོག་པར་བཏང་ནས་ཨ་རིའི་གཞུང་འཛིན་གྱི་དགོངས་འཆར་ལ་དབྱེ་འབྱེད་ཁ་བྲལ་གཏོང་ཐབས་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་ཡོང་བཞིན་པ་དང་། དེ་དང་དུས་མཚུངས་སུ་པེ་ཅིང་གི་བདེ་འཇགས་དཔོན་རིགས་ཚོར་ཨ་རིས་རྒྱ་ནག་གི་ཡར་རྒྱས་ལ་འགོག་རྐྱེན་གཏོང་གིན་ཡོད་པའི་བློ་འཚབ་ཡོང་བཞིན་པ་རེད།

གླེང་སྟེགས།

XS
SM
MD
LG