ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༨/༡༨

ཕེ་ལོ་སིའི་ཐེ་ཝན་གྱི་འཚམས་འདྲིར་རྩོད་གླེང་འབྱུང་དོན་ཅི་རེད།


U.S. House Speaker Nancy Pelosi (D-CA) holds her weekly news conference with reporters on Capitol Hill in Washington

རྒྱ་ནག་གིས་ལྕམ་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ན་ལན་པ་ནན་པོ་སློག་ངེས་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ༡༩༩༧་ལོ་ནས་ད་ལྟའི་བར་དུ་ཨ་རིའི་སྲིད་འཛིན་གྱི་རྗེས་འཛིན་པ་ཨང་གཉིས་པ་ཅན་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་མྱོང་མེད་པས་རྒྱ་ནག་གི་འཇིགས་སྐུལ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པར་ཉམས་ཞིབ་པ་ཚོས་བློ་འཚབ་བྱེད་ཡག་་ཞིག་ཏུ་གྱུར

༄༅།། རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་སོགས་ཐེ་ཝན་ལ་འཚམས་འདྲིར་ཕེབས་ན་ལན་པ་ནན་པོ་སློག་ངེས་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ༡༩༩༧་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེའུ་གྷེང་རི་ཆི་གཙོས་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་བཟུང་། ད་ལྟའི་བར་དུ་ཨ་རིའི་སྲིད་འཛིན་གྱི་རྗེས་འཛིན་པ་ཨང་གཉིས་པ་ཅན་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་མྱོང་མེད་པས་རྒྱ་ནག་གི་ངེས་བཟུང་མེད་པའི་འཇིགས་སྐུལ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པར་ཉམས་ཞིབ་པ་ཚོས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༧་པའི་ཚེས་༢༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནན་སི་ཕེ་ལོ་སི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིར་བདམས་ནས་ལོ་༣༠་ལྷག་གི་རིང་རྒྱ་ནག་ལ་སྐྱོན་བརྗོད་དང་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པར་རྗེས་དྲན་གྱི་ཆེད་དུ་གནམ་བདེ་སྒོ་མོ་ཆེའི་ཐང་དུ་འཕྲེད་དར་ཕྱར། ནན་སི་ཕེ་ལོ་སིས་འདས་པའི་ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་དང་ཞིན་ཅང་གི་ཡུ་གུར་བའི་གནད་དོན་གླེང་སློང་། ༢༠༡༩་ལོར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་རྒྱ་ནག་གཞུང་གིས་ནན་སི་ཕེ་ལོ་སི་སྐྱོན་བརྗོད་དང་སྡང་ཟུག་བྱ་ཡུལ་དུ་བཟུང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཐེ་ཝན་ལ་ཚད་མཐོའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་གཟའ་འཁོར་སྔོན་མར་ནན་སི་ཕེ་ལོ་སིས་ང་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཚེ་དབྱིན་ཝན་གྱི་འགོ་ཁྲིད་པའི་ཐེ་ཝན་གྱི་དམངས་གཙོའི་སྲིད་གཞུང་གིས་རྒྱ་ནག་གི་འཇིགས་སྐུལ་ཁག་ལ་སྣང་མེད་བཏང་སྟེ་དམངས་གཙོ་དང་གུ་ཡངས་ཀྱི་ལམ་ལུགས་དར་སྤེལ། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་རྣམས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་ཡུན་རིང་གི་ལྟ་བ་དང་ལངས་ཕྱོགས་ལ་རྩེ་མཐུན་བྱུང་འདུག

རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་མ་ཐུབ་ན་རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་རྒྱ་ནག་གི་མངའ་འོག་ཏུ་བསྡུ་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པར་མ་ཟད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མཚོ་ཁོངས་དང་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་གྲུ་དང་འཐབ་འཛིང་གནམ་གྲུ་བཏང་ནས་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨ་རི་དང་ཐེ་ཝན་གཉིས་ལ་གཞུང་འབྲེལ་གྱི་འབྲེལ་བ་ཅི་ཞིག་ཚུགས་ཀྱང་རྒྱ་ནག་གིས་དེ་ལ་ངོ་རྒོལ་བྱས་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་གཏོང་འགྲོ་ངེས་ཡིན་ཞེས་ཉེན་བརྡ་གཏོང་རྒྱུ་ལམ་སྲོལ་དུ་གྱུར། ༡༩༥༥་ལོར་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུའི་ཨ་མི་རི་ཀར་ཕེབས་པའི་སྐབས་དེར་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་མེ་ཤུགས་འཕུར་མདེལ་འཕངས་ནས་སྡིགས་ར་བསྐུལ། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་གནམ་གྲུར་འཕུར་མདེལ་བརྒྱབ་ནས་ཐེ་ཝན་མཚོ་གླིང་དུ་འབབ་མི་ཐུབ་པ་ཞིག་ལ་གཏོང་རྒྱུ་ཁག་པོ་རེད། འོན་ཀྱང་རྒྱ་ནག་གིས་དམག་སྦྱོང་བྱས་ནས་ཐེ་ཝན་གྱི་མཚོ་ཁོངས་དང་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་དང་མཚོ་འགག་ཕྱོགས་གཉིས་ལ་ཞི་བདེ་བརྟན་ལྷིང་མེད་པའི་གནས་སྟངས་དེ་སྔར་ལས་ཇེ་སྡུག་ཏུ་གཏོང་ཤས་ཆེ་ཞེས་ཉེན་བརྡ་བཏང་འདུག དེས་ན་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་བར་བསམ་ཞིབ། ཨ་རྒྱའི་འབྲེལ་བ་ཡག་པོ་མེད་པའི་སྐབས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ན་དགེ་མཚན་ཡོད་མེད། ལྷག་པར་དུ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ནན་སི་ཕེ་ལོ་སི་ཐེ་ཝན་ལ་མ་ཕེབས་ན་ལེགས་ཞེས་བསམ་འཆར་བཤད་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་ཁ་སྔོན་ཕྱི་ཟླ་༤་པའི་ནང་དུ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུའི་གྲ་སྒྲིག་བྱས་ཀྱང་ཏོག་དབྱིབས་ནད་དུག་འགོས་ནས་འཚམས་འདྲི་ཕྱིར་འགྱངས་བྱས་ཤིང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་རང་གི་འཆར་གཞི་རྣམས་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་ཕྱི་ཟླ་༨་པའི་མགོ་སྟོད་དེར་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུའི་གནས་ཚུལ་ཐོན། ཕྱི་ཟླ་༨་པའི་ཚེས་༡་ནི་རྒྱ་ནག་གི་དམག་དཔུང་རྩ་འཛུགས་བྱས་པའི་དུས་ཆེན་ཡིན་པ་དང་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། ད་ལོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས་ནས་ཞིས་ཅིན་ཕིང་གིས་སླར་ཡང་ལོ་ལྔར་སྲིད་དབང་འཛིན་རྒྱུ། རྒྱ་ནག་མི་དམངས་རྣམས་གཞུང་གི་ནད་འགོག་སྲིད་ཇུས་ལ་དགའ་མོས་མེད་པ་དང་ཞིས་ཅིན་ཕིང་ལ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དང་པོ་མའོ་ཙེ་ཏུང་ལྟར་སྲིད་དབང་འཛིན་རྒྱུའི་ཧམ་སེམས་ཡོད་པ་བཅས་ཀྱིས་ནན་སི་ཕེ་ལོ་སི་ཐེ་ཝན་ལ་ཕེབས་ན་རྒྱ་ནག་གིས་སྔར་ལས་ལྷག་པའི་ངོ་རྒོལ་དང་ལན་པ་ནན་པོ་སློག་རྒྱུའི་ཉེན་ཁ་ཆེ། ཞིས་ཅིན་ཕིང་གི་རྒྱལ་ནང་གི་སྲིད་ཇུས་ཁག་ལ་མང་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཐེ་ཝན་གྱི་རྩ་དོན་ཐོག་ཏུ་མཁྲེགས་པོ་དང་མི་དམངས་ལ་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས། རྒྱ་ནག་མི་དམངས་ཀྱིས་ཞིས་ཅིན་ཕིང་དང་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཁ་ལོ་བསྒྱུར་ཐབས་སུ་ཐེ་ཝན་གྱི་གནད་དོན་གླེང་ནས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ཞེས་གནས་ཚུལ་ཆེ་རུ་གཏོང་ངེས་རེད། རྒྱ་ནག་གིས་ནན་སི་ཕེ་ལོ་སིའི་ཐེ་ཝན་གྱི་འཚམས་འདྲི་འདིར་ངོ་རྒོལ་ཅི་ཙམ་ཤུགས་ཆེན་པོ་བྱེད་ན་དེ་ཙམ་གྱིས་རྒྱ་ནག་མི་དམངས་ཀྱི་མིག་ལམ་དུ་ཞིས་ཅིན་ཕིང་གི་མཚན་མཐོང་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་རི་དང་ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ལས་ཐོག་དང་ལས་སྣེ་ཟུར་པ་བཅས་མི་སུ་ཞིག་ཐེ་ཝན་ལ་ཕེབས་ཀྱང་དགའ་བསུ་ཞུས་ནས་ཐུག་འཕྲད་བྱ་རྒྱུ། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་དང་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད་པར་ཁ་གཏད་ཀྱི་སྲིད་ཇུས་ཤིག་འཛིན་གྱི་ཡོད་ཅིང་། ཡིན་ནའང་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་ལ་འཁྲུག་རྩོད་མི་སློང་བ་དང་མཚོ་འགག་ཕྱོགས་གཉིས་ལ་ཞི་བདེ་བརྟན་ལྷིང་སྐྲུན་ཐབས། རྒྱ་ནག་སྐམ་ས་ཆེན་མོར་ཐེ་ཝན་པ་ས་ཡ་༡་ཡས་མས་ཤིག་གནས་སྡོད་བྱེད་བཞིན་པ་དེ་དག་གི་བདེ་འཇགས་ལ་བསམ་བློ་གཏོང་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན། གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་སྤྱི་ཚོགས་སྲུང་སྐྱོབ་ཀྱི་དམག་སྦྱོང་དང་གཟའ་མིག་དམར་ཉིན་སྲིད་འཛིན་ཚེ་དབྱིན་ཝེན་ཐེ་ཝན་གྱི་མཚོ་དམག་གི་སྦྱོང་བརྡར་ཞིག་ལ་གཟིགས་ཞིབ་ཏུ་ཕེབས། ཐེ་ཝན་གཞུང་གིས་དམག་སྦྱོང་དེ་རྣམས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་འཚམས་འདྲིར་ཕེབས་འཆར་ཡོད་པར་འབྲེལ་བ་ཡོད་མེད་གསལ་བཀྲོལ་མ་བྱུང་། ཐེ་ཝན་པ་ཕལ་མོ་ཆེར་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འདོད་པ་མེད་ཀྱང་མཚོ་གླིང་དེའི་དམག་ལ་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་པའི་སྟོབས་ཤུགས་མེད་པའང་ངོ་འཕྲོད། དེར་བརྟེན་སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་གིས་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་མི་རི་ཀ་དང་ཉི་ཧོང་། ཡུ་རོབ་སོགས་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་དང་མཚོན་ཆ་མཁོ་སྤྲོད། ཐེ་ཝན་གཞུང་དམངས་གཉིས་ཀྱིས་རང་གི་མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཨང་དང་པོར་འཛིན་གྱི་ཡོད་པ་རེད།།

ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉམས་ཞིབ་པ་མང་དག་ཅིག་གིས་དགུང་ལོ་༨༢་ལ་ཕེབས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་རྒྱ་ནག་གིས་སྡིགས་ར་བསྐུལ་ནས་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུ་འགོག་མི་ཐུབ། ཁོང་གིས་མི་ཚེ་ཧྲིལ་པོར་རྒྱ་ནག་དང་བཙན་དབང་རིང་ལུགས་ལ་ཁ་གཏད་བཅག་པ་རེད། ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་ལ་ཁོང་ཁྲོ་སློང་གི་ཡོད་པ་ནི་གསར་དུ་བྱུང་བའི་གནས་ཚུལ་ཞིག་མ་རེད། ཨ་མི་རི་ཀའི་དམག་གི་གནམ་གྲུའི་ནང་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་ཕེབས་ཀྱི་ཡོད་པ་དེར་རྒྱ་ནག་གིས་འཕུར་མདེལ་བརྒྱབ་ནས་གཏོར་རྒོལ་བྱེད་མི་ཕོད། རྒྱ་ནག་གིས་ཐེ་ཝན་མཚོ་གླིང་ལ་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་ཅེས་མཁའ་ལམ་འགོག་སྲིད། ནན་སི་ཕེ་ལི་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་ལོ་༢༥་རིང་བྱུང་མྱོང་མེད་པ་ཞིག་ཡིན་རུང་རྒྱ་ནག་གིས་ཨ་རིར་དམག་བརྒྱབ་ནས་ལན་པ་སློག་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་བྷན་ས་སེས་ཚོགས་གཙོ་ཕེ་ལོ་སི་ངེས་པར་དུ་ཐེ་ཝན་ལ་ཕེབས་དགོས། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གང་དུ་ཕེབས་ཆོག་མིན་ནི་རྒྱ་ནག་གིས་ཐག་གཅོད་བྱེད་ཆོག་པ་ཞིག་མིན་པ་གསལ་སྟོན་བྱ་དགོས། ཨ་རིས་གཉོམ་ཁུར་དང་རང་ཚོད་འཛིན་དགོས་དོན་མེད་ཅེས་ནན་བརྗོད་བྱས་འདུག དེ་བཞིན་ཁ་སྔོན་གཟའ་ཉི་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཡིས་ཀྱང་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁོང་གིས་ནན་སི། ང་ཁྱོད་ཀྱི་མཉམ་དུ་ཡོང་ཆོག ང་རྒྱ་ནག་ལ་ཡོང་མི་ཆོག་ཅེས་བཀག་སྡོམ་བྱེད་ཡོད་ཀྱང་རང་དབང་ལ་དགའ་བའི་ཐེ་ཝན་མཚོ་གླིང་དུ་ཡོང་མི་ཆོག་ཅེས་བཀག་མེད། ང་ཚོ་ཐེ་ཝན་དུ་ཐུག་དགོས་ཞེས་རྒྱབ་སྐྱོར་གྱི་རྣམ་པ་བསྟན། རྒྱ་ནག་གི་རིན་མིན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧྲི་དབྱིན་ཧུང་གིས་ནན་སི་ཕེ་ལོ་སི་ཐེ་ཝན་ལ་ཕེབས་རྒྱུ་ཐག་བཅད་ཚེ། རྒྱ་ནག་གི་ཕྱོགས་ནས་དམག་གིས་ལན་པ་སློག་སྲིད་པར་ཨ་རིས་ཀྱང་དམག་གིས་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་ཆ་ཚང་བྱེད་ཡོད་ངེས་རེད། དེ་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྔར་ལས་ཛ་དྲག་ཅན་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད་ཅེས་བཤད་འདུག

XS
SM
MD
LG