ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཞི་ཅིང་ཕིང་གིས་དཔལ་འབྱོར་གཙོ་བོར་འཛིན་པའི་སྲིད་ཇུས་ཕྱིར་བསྡུ་བྱས་དོན་ཅི།


ཉེ་ཆར་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝུའུ་གོ་ཀོང་ལགས་ནས། འདི་གར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་གསལ་ལྟར་ན། རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་འདས་པའི་ལོ་ངོ་བཅུ་གྲངས་འགའ་ཤས་རིང་ལ་དཔལ་འབྱོར་གཙོ་བོར་འཛིན་པའི་དུས་རབས་དེ་བཞིན་མཇུག་སྒྲིལ་གྱིས། ཞི་ཅིང་ཕིང་མི་སྒེར་གྱི་དབང་ཆ་གཙོ་བོར་འཛིན་པའི་དུས་རབས་གསར་པ་ཞིག་ལ་སླེབས་ཡོད་པ་རེད། མི་འགའ་ཤས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ད་ཡོད་ཀྱི་སྲིད་དབང་མུ་མཐུད་ནས་གནས་ཐུབ་རྒྱུ་དང་། དེ་བཞིན་རྒྱ་ནག་གིས་འཛམ་གླིང་ལ་ཁ་ལོ་བསྒྱུར་དགོས་ན། གཞི་རྩ་ངོ་མ་དེ་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ལ་རག་ལས་ཀྱི་ཡོད་པས། དཔལ་འབྱོར་ཡར་རྒྱས་གཏང་རྒྱུ་ལྟེ་བར་བཟུང་བའི་སྲིད་ཇུས་དེ་བཞིན་རྒྱུན་འཁྱོངས་མ་བྱས་ཚེ། སྤྱི་ཚོགས་ཀྱི་གནད་དོན་གང་མང་ཞིག་འབྱུང་ཉེན་ཆེ་བའི་བློ་འཚབ་ཡོང་བཞིན་པ་རེད། བློ་འཚབ་དེ་དག་ནི་རྒྱུ་མེད་རྐྱེན་མེད་ཅིག་གཏན་ནས་མ་ཡིན་ཡང་། གནད་དོན་གལ་ཆེ་ཤོས་ནི་ཞི་ཅིང་ཕིང་མི་སྒེར་གྱི་དབང་ཆ་སྲ་བརྟན་གཏང་རྒྱུ་དེ་ཆགས་ཡོད་པས། ཞི་ཅིང་ཕིང་གིས་སོ་སོ་དམར་ཤོག་འགོ་ཁྲིད་ཀྱི་གོ་གནས་སུ་དུས་ཡུན་ངེས་མེད་བསྡད་ཆོག་པ་དང་། དེ་བཞིན་སོ་སོའི་གོ་གནས་སྲ་བརྟན་གཏོང་ཆེད་དེ་སྔར་ཏེན་ཞའོ་ཕིང་གིས་བཏོན་པའི་དཔལ་འབྱོར་ཡར་རྒྱས་གཙོ་བོར་འཛིན་པའི་སྲིད་ཇུས་དེ་མཇུག་སྒྲིལ་བཅུག་ཡོད་པ་རེད།

ཝུའུ་གོ་ཀོང་
ཝུའུ་གོ་ཀོང་

ཝུའུ་གོ་ཀོང་ལགས་ནས་གལ་སྲིད་དཔལ་འབྱོར་ཡར་རྒྱས་གཙོ་བོར་འཛིན་པའི་སྲིད་ཇུས་དེ་ལ་འགྱུར་བ་བཏང་ཚེ། སྲིད་ཇུས་དེ་དང་འབྲེལ་བའི་ཕྱི་ནང་གི་སྲིད་ཇུས་ཚང་མ་ལ་དེ་མཚུངས་ཀྱི་འགྱུར་ལྡོག་འགྲོ་ངེས་པས། འགྱུར་ལྡོག་དེ་དག་ལ་བརྟེན་ནས་ད་ལན་ཚོགས་ཆེན་ཉི་ཤུ་པའི་ཐོག་ཞི་ཅིང་ཕིང་མུ་མཐུད་ནས་གོ་གནས་ལ་བསྡད་རྒྱུའི་དམིགས་ཡུལ་འགྲུབ་ཡོད་པ་ལྟར་སྣང་ཡང་། ཞི་ཅིང་ཕིང་དམར་ཤོག་གི་འགོ་ཁྲིད་ཆགས་ནས་འདས་པའི་མི་ལོ་བཅུའི་རིང་རྒྱ་ནག་གི་སྔར་ཡོད་སྲིད་ཇུས་མང་པོ་ཞིག་ལ་འགྱུར་ལྡོག་བཏང་ཚར་པ་རེད། ད་ལན་ཚོགས་ཆེན་ཉི་ཤུ་པ་ཞེས་པ་དེ་འགྱུར་ལྡོག་དེ་ཚོའི་ཁྲོད་ཀྱི་ཆ་ཤས་ཙམ་ཞིག་རེད་ཅེས་གསུངས་འདུག

དེ་སྔར་རྒྱ་ནག་གིས་དཔལ་འབྱོར་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་པའི་སྲིད་ཇུས་དེ་མ་སྤེལ་གོང་དང་། ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ལ། རྒྱ་ནག་དམར་ཤོག་གི་ཁྱད་ཆོས་གཙོ་བོ་ཞིག་ནི། མའོ་ཙེ་ཏུང་གི་སྒེར་གཅོད་ཀྱི་སྲིད་དབང་དེ་ཆགས་ཡོད། ཏན་ཞའོ་ཕིང་གིས་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཐུན་མོང་གི་འགོ་ཁྲིད་བྱེད་པའི་ལམ་ལུགས་གསར་པ་ཞིག་བཏོན་ནས། དམར་ཤོག་ཚོགས་པའི་དབང་ཆ་དེ་ནང་ཁུལ་དུ་བགོ་བཤའ་བརྒྱབ་ཡོད་པ་རེད། འགྱུར་ལྡོག་དེ་ནི་དཔལ་འབྱོར་ཡར་རྒྱས་གཙོ་བཟུང་གི་སྲིད་ཇུས་དང་མཐུན་པ་ཞིག་རེད། དཔལ་འབྱོར་ཡར་རྒྱས་ཡོང་དགོས་ན་ཁྲོམ་རའི་དཔལ་འབྱོར་གྱི་འགྲོ་སྟངས་དེ་ནང་འདྲེན་མི་བྱེད་ཁ་མེད་རེད། ཡིན་ན་ཡང་འགྱུར་ལྡོག་དེ་དག་གི་ཁྲོད་དུ་ས་གནས་ཀྱི་དབང་ཆ་རིམ་བཞིན་ཇེ་ཆེར་ཕྱིན་པ་དང་། སྒེར་གྱི་ཁེ་ལས་པ་ཚོར་རང་དབང་ཅུང་ཟད་ལྡན་པ། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་དང་མང་ཚོགས་མི་སྒེར་གྱི་དབང་ཆ་སོགས་གོང་འཕེལ་ཏོག་ཙམ་ཕྱིན་ཏེ། མཐར་སྤྱི་ཚོགས་དང་དཔལ་འབྱོར་སྣ་མང་ཅན་གྱི་ཁོར་ཡུག་དེ་དང་། དམར་ཤོག་སྒེར་གཅོད་ཀྱི་ཆབ་སྲིད་ལམ་ལུགས་གཉིས་དབར་རྩ་བའི་ཆ་ནས་འགལ་ཟླ་ཆེན་པོ་ཆགས་ཡོད། དབང་ཆ་དེ་མི་གཅིག་གི་ལག་ལ་ཡོད་ན་མི་དེས་གང་འདོད་ལྟར་བྱེད་ཆོག་པ་ཞིག་རེད། འོན་ཏེ་གལ་སྲིད་དབང་ཆ་དེ་མི་གཉིས་ཡན་གྱི་ལག་པར་ཡོད་ན། དབང་ཆ་བགོ་བཤའ་རྒྱག་དགོས་པ་ཆོས་ཉིད་དུ་གྲུབ་པས། མའོ་ཙེ་ཏུང་གི་རྗེས་ལ་དཔལ་འབྱོར་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་པའི་སྲིད་ཇུས་ཀྱི་རྒྱབ་ལྗོངས་འོག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་ལས་ཡུན་སྐོར་ལ་གཏན་འབེབས་བྱས་ཡོད་པ་རེད། གལ་སྲིད་གཏན་འབེབས་དེ་དག་ཕྱིར་འཐེན་བྱ་དགོས་ཚེ་དཔལ་འབྱོར་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་པའི་སྲིད་ཇུས་དེ་མཇུག་མི་སྒྲིལ་ཐབས་མེད་ཆགས་ཡོད་ཅེས་གསུངས་འདུག

མའོ་ཙེ་ཏུང་གི་དུས་སྐབས་ལ་ཁ་ནས་འཐབ་རྩོད་སྒྲོག་བཞིན་མའོ་ཙེ་ཏུང་རླབས་ཆེན་གྱི་དབུ་ཁྲིད་ཅིག་གི་སྣང་བརྙན་ཆགས་བཅུག་པ་དང་ཕྱོགས་མཚུངས། དེང་སང་ཞི་ཅིང་ཕིང་གིས་ཀྱང་འཐབ་རྩོད་ཅེས་པའི་ཐ་སྙད་ཁ་ལ་འཁྱེར་གྱི་ཡོད་པ་རེད། རྒྱ་ནག་དམར་ཤོག་གི་ཚོགས་མི་འགའ་ཤས་ཀྱིས་བརྗོད་དོན་ལ། ཞི་ཅིང་ཕིང་གིས་དཔལ་འབྱོར་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་པའི་སྲིད་ཇུས་དེ་བློས་གཏོང་བྱ་དགོས་པའི་རྒྱུ་མཚན་ནི། ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་ཚོའི་ལག་ནས་འཛམ་གླིང་གི་སྡིངས་ཆ་ལས། གཙོ་ཁྲིད་ཀྱི་གོ་གནས་རྩོད་ཐབས་ཆེད་དུ་རེད་ཅེས་བརྗོད་བཞིན་ཡོད་ཀྱང་། དེ་འདྲ་ཡིན་ཚེ་དེ་ནི་དུས་ཚོད་སྔ་དྲགས་པ་རེད། ༢༠༢༡ ལོར་རྒྱལ་སྤྱིའི་ཐོག་སྤེལ་བའི་གཞི་གྲངས་ལས། རྒྱལ་ནང་གི་ཐོན་སྐྱེད་སྡོམ་འབོར་ལྟར་རྩིས་པ་ཡིན་ན། རྒྱ་ནག་གི་དཔལ་འབྱོར་སྤྱི་འབོར་དེ་ཨ་རིའི་བརྒྱ་ཆ་༧༧ ཟིན་ཡོད་པ་དང་། དཔལ་འབྱོར་རིག་པ་བ་མང་པོ་ཞིག་གིས་༢༠༣༢ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་ཨ་མེ་རི་ཁ་ལས་བརྒལ་ནས་འཛམ་གླིང་ཐོག་ཨང་དང་པོར་ཆགས་རྒྱུའི་ཚོད་དཔག་བྱས་ཡོད་པ་དང་། དེ་ལ་རྒྱ་ནག་དམར་ཤོག་དཔོན་རིགས་ཚོས་བདེན་པར་བཟུང་ནས། ཞི་ཅིང་ཕིང་གི་ལྐུགས་པ་ཨུ་ཚུགས་ཀྱི་རང་གཤིས་དེས། ཏན་ཞའོ་ཕིང་གིས་བཏོན་པའི་མངོན་འདོད་དངོས་མ་གང་ཡིན་ཕྱིར་ལོགས་སུ་མ་བསྟན་པར་མངོན་ཆུང་གིས་སོ་སོ་ཡར་རྒྱས་གཏོང་བའི་ཇུས་གསང་གི་ལམ་ཁ་དེ་རྩ་བརླག་བཏང་ཡོད་པར་ངོས་འཛིན་བྱས་འདུག །དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་ངོ་བོ་དབྱེར་མེད་ཀྱི་ཁོར་ཡུག་ཅིག་ཏུ་མི་མང་པོ་ཞིག་གིས་མི་རིགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་ཚེ། ཞི་ཅིང་ཕིང་གིས་དཔལ་འབྱོར་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་པའི་སྲིད་ཇུས་མཇུག་སྒྲིལ་ཡོད་པའི་དོན་དངོས་ལ་ཡིད་ཆེས་ཡོང་ཁག་པོ་ཆགས་ཡོད། རྒྱ་ནག་དམར་ཤོག་གིས་ཏན་ཞའོ་ཕིང་གི་ལམ་ཁ་དེ་མུ་མཐུད་ནས་ལོ་ཉི་ཤུ་ལྷག་གི་རིང་ལ་རྒྱུན་སྐྱོང་ཐུབ་པ་བྱུང་ན། རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཆགས་སྲིད་པ་རེད། འོན་ཏེ་ཞི་ཅིང་ཕིང་གིས་རྒྱ་ནག་དམར་ཤོག་གི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བྱུང་བའི་འབྲས་བུ་དེ་སྨིན་ཐུབ་ཡོད་མེད་ལ་མ་བལྟོས་པར་གཞན་གྱི་ལག་ལ་ཤོར་དོགས་ཀྱིས། སྔ་ནས་ནས་འབྲས་བུ་དེ་བཞིན་སོ་སོའི་ལག་པར་ལེན་ཐབས་བྱ་རྒྱུར་རྔམ་ཡོད་པས། དོན་དངོས་ཐོག་ཁོ་ནི་སོ་སོ་མི་སྒེར་གྱི་ཁེ་ཕན་ཨང་དང་པོར་འཛིན་མཁན་ཞིག་དང་། སྒེར་དོན་ཆེད་དུ་དམར་ཤོག་ཚོགས་པ་དང་། རྒྱལ་ཁབ་དང་མི་རིགས། མང་ཚོགས་ཀྱི་ཁེ་ཕན་ཡོད་ཚད་བློས་གཏོང་བྱེད་ཕོད་མཁན་གྱི་མི་སྤྱང་པོ་ཞིག་རེད་ཅེས་ཝུའུ་གོ་ཀོང་ལགས་ནས་འགྲེལ་བརྗོད་གནང་འདུག

མཐའ་དོན་ལ་ཝུའུ་གོ་ཀོང་ལགས་ནས་དཔལ་འབྱོར་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་པའི་སྲིད་ཇུས་མཇུག་སྒྲིལ་ནས་ཞི་ཅིང་ཕིང་མི་སྒེར་གྱི་དབང་ཆ་གཙོ་བོར་འཛིན་པའི་དུས་རབས་ལ་སླེབས་ཡོད་ཅེས་པ་ནི། ཞི་ཅིང་ཕིང་གི་དུས་རབས་གསར་པ་ཞེས་པ་དེ་རེད་ལ། རྒྱ་ནག་དམར་ཤོག་ཚོགས་ཆེན་ཉི་ཤུ་པ་ཞེས་པའི་གསང་བ་ཆེ་ཤོས་དེ་ཡང་རེད་ཅེས་གསལ་སྟོན་གནང་འདུག

XS
SM
MD
LG