ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་མཐའ་མཚམས་ཀྱི་ས་མིང་བསྒྱུར་དོན།


༄༅།། རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རྩོད་གཞི་ཡོད་པའི་མཐའ་མཚམས་ཀྱི་ས་ཁུལ་ཁག་ལ་ས་མིང་གསར་པ་འདོགས་བཞིན་ཡོད་པ་དང་དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི་ས་ཁུལ་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་པའི་བདེན་དཔང་འཚོལ་གྱི་ཡོད་པ་ཞིག་ཡིན་ཞིང་། མ་འོངས་པར་ས་ཆའི་བདག་དབང་ཐོག་ཏུ་རྒྱལ་སྤྱིའི་ཁྲིམས་ལ་གཏུག་དགོས་བྱུང་ན་ས་མིང་སོགས་སྤྱད་ནས་རྩོད་གཞི་ཅན་གྱི་ས་ཁུལ་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་པའི་སྒྲུབ་བྱེད་འགོད་རྒྱུར་སྟབས་བདེ་རུ་གཏོང་རྒྱུའི་ཆེད་དུ་རེད་ཅེས་མཁས་པ་ཚོས་དཔྱད་བརྗོད་སྤེལ་འདུག རྒྱ་ནག་གི་གོ་ལའི་དུས་བབ་དྲྭ་ལམ་དུ་རྒྱ་ནག་གི་དམངས་སྲིད་ལས་ཁུངས་ཀྱིས་ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་གསལ་བསྒྲགས་སྤེལ་ཏེ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཁག་བཅོ་ལྔར་མིང་གསར་པ་བཏགས། དེ་ནི་རྒྱ་ནག་གཞུང་གིས་ས་ཁུལ་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་ཅེས་མི་དམངས་ལ་གསལ་འདེབས་བྱ་རྒྱུའི་ཆེད་དུ་རེད་ཅེས་གནས་ཚུལ་སྤེལ་འདུག

ཐེངས་འདིར་རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་བཅོ་ལྔར་མིང་གསར་པ་བཏགས་པའི་གྲས་སུ་ཡུལ་མི་གནས་སྡོད་བྱ་ཡུལ་ཁག་བརྒྱད་དང་རི་བོ་བཞི། གཙང་པོ་གཉིས་དང་རི་འགག་གཅིག་བཅས་འདུས། ལོ་ལྔའི་ཡར་སྔོན་དུ་རྒྱ་ནག་གིས་ས་ཁུལ་དེའི་རྒྱུད་ཀྱི་ས་གནས་མི་འདྲ་བ་ལྔ་ལ་མིང་གསར་དུ་བཏགས། རྒྱ་ནག་གཞུང་གིས་ས་གནས་དེ་དག་ནི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་པ་དང་བོད་སྐད་དུ་ལྷོ་ཕྱོགས་མོན་གྱི་ཡུལ་ཟེར་གྱི་ཡོད་པ་རེད་ཅེས་སྒྲུབ་བྱེད་བཀོད། གཞན་ཡང་རྒྱ་ནག་གཞུང་གིས་དམག་དོན་ལ་མཁོ་བའི་འཛུགས་སྐྲུན་རྒྱ་སྐྱེད་དང་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སོགས་ལ་དམིགས་ནས་ཀྱང་རྩོད་གཞི་ཅན་གྱི་ས་ཁུལ་ཁག་གི་བདག་དབང་འཐོབ་ཐབས་བྱེད་ཀྱི་ཡོད་འདུག

འདས་པའི་ལོ་བཅུའི་རིང་ལ་རྒྱ་ནག་གིས་ཉི་ཧོང་དང་ཨིན་རྡུ་ནེ་ཤི་ཡ། མ་ལེ་ཤི་ཡ་དང་ཧྥི་ལི་ཕིན། ཐེ་ཝན་དང་ཝི་ཏེ་ནམ། རྒྱ་གར་སོགས་རྒྱལ་ཁབ་མང་པོས་མངའ་ཁོངས་ཀྱི་བདག་དབང་ཐོག་ཏུ་རྒྱ་ནག་ལ་འཐབ་རྩོད་བྱེད་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་དང་རྒྱ་གར་གཉིས་ཀས་མཐའ་མཚམས་ཀྱི་ས་ཆའི་བདག་དབང་བརྩད་ནས་དམག་མི་གདོང་ཐུག་ཐེངས་གཉིས་བྱུང་ཞིང་། ཧྥི་ལི་ཕིན་གྱིས་ཕྱི་ལོ་༢༠༡༦་ལོར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ཏུ་རྒྱལ་སྤྱིའི་ཁྲིམས་ཁང་ལ་གཏུགས་ནས་ཁ་མཆུ་ཐོབ་ཀྱང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་བཅད་ཁྲར་ངོས་ལེན་མ་ཞུས། ༢༠༡༠་ཚུན་ཆད་དུ་རྒྱ་ནག་གིས་མཚོ་ཁོངས་རྒྱ་སྐྱེད་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོར་ཧྥི་ལི་ཕིན་གྱི་ནུབ་མཚོ་ཞེས་པའི་མིང་བཏགས། པེ་ཅིང་གི་དབང་འཛིན་པ་ཚོས་དེ་ལ་རྒྱ་ནག་གི་ལྷོ་མཚོ་ཞེས་མིང་བཏགས་པར་མ་ཟད། སི་པར་ཊི་ལེ་གླིང་ཚོམ་ལ་ནན་ཧྲ་གླིང་ཚོམ་དང་པ་ར་སེལ་གླིང་ཕྲན་ལ་ཞིས་ཧྲ་གླིང་ཚོམ་ཞེས་མིང་བཏགས་ཀྱང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཞིག་གིས་གླིང་ཚོམ་དེ་དག་བདག་དབང་ཐོག་ཏུ་རྒྱ་ནག་ལ་རྩོད་པ་དྲག་པོ་རྒྱག་གི་ཡོད་པ་རེད།།

ཐེ་ཝན་གྱི་བདག་དབང་ཐོག་ཏུ་རྒྱ་ནག་གཞུང་གིས་ས་ཁྲའི་ནང་དུ་མཚོ་འགག་ཕྱོགས་གཉིས་ཀྱི་གནས་ཡུལ་གྱི་རི་མོའི་ཁ་ཏོག་གཅིག་པ་བྲིས་ནས་ཐེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྒྲུབ་ཐབས་སུ་འབད་ཀྱི་འདུག་ཅེས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ལོ་ཀྲི་ཀྲིན་གྱིས་བཤད་འདུག དེ་བཞིན་ཤར་རྒྱ་ནག་རྒྱ་མཚོའི་ནང་དུའང་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་བའི་དཀྱིལ་ནས་ཉི་ཧོང་གིས་དབང་སྒྱུར་འོག་ཏུ་ཚུད་པའི་མི་མེད་གླིང་ཕྲན་སྟེ། སན་ཁ་ཁུ་གླིང་ཕྲན་གསུམ་ལ་རྒྱ་ནག་གིས་ཏིའོ་ཡུའི་ཏོ་གླིང་ཕྲན་ཞེས་བཏགས། ད་ལྟ་གླིང་ཕྲན་དེ་དག་གི་བདག་དབང་རྩད་ནས་ཉི་ཧོང་དང་རྒྱ་ནག་གཉིས་ལ་འགལ་ཟླ་ཆེན་པོ་བྱུང་། རྒྱ་ནག་གིས་ས་མིང་གསར་པ་བཏགས་པ་དང་ས་ཁྲའི་དཔེ་རིས་ལ་འགྱུར་བ་བཏང་སྟེ་རྒྱ་ནག་གི་ཕྱི་སྐྱོད་ལམ་ཡིག་སྟེངདུ་་བཀོད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལའང་དེ་ལྟར་འགོད་དགོས་པའི་བཙན་སྐུལ་བྱེད་ཀྱི་ཡོད་པ་རེད།།

ཕྱི་ལོ་༢༠༡༨་ལོར་རྒྱ་ནག་གི་ཡུལ་སྐོར་བ་༡༤་ཝི་ཏེ་ནམ་ལ་བསླེབས་པའི་སྐབས་དེར་ཝི་ཏེ་ནམ་གྱི་ས་ཆ་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་པའི་རི་མོ་བཀོད་པའི་སྟོད་ལྭ་གྱོན་ནས་ཡོང་བར་རྩོད་རྙོག་བྱུང་། ཧ་ཝ་དབྱིའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཝུ་ཝེན་གྱིས་རྒྱ་ནག་གིས་མ་འོངས་པར་ས་མིང་གསར་པ་འདི་དག་བརྒྱུད་ནས་རྩོད་པ་བརྒྱབ་ནས་ཁེ་ཕན་ལེན་ས་རེད། ཁྲིམས་ཀྱི་སྒྲུབ་བྱེད་ཐོག་ཏུ་སྔོན་ལ་ས་ཁུལ་དེར་སུའི་དབང་སྒྱུར་བྱས་མྱོང་་སྒྲུབ་བྱེད་ངེས་པར་དུ་སྟོན་དགོས། གལ་ཆེ་བ་ཞིག་ནི་ཡུལ་དེར་མིང་བཏགས་ཡོད་མེད་ཀྱི་ཁྱད་པར་ལ་ཐུག་གི་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG