ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧྥོག་སི་གསར་ཁང་གིས་ཅིའི་ཕྱིར་ཁ་རོལ་སན་གནས་དབྱུང་བཏང་བ་རེད། 


༄༅།། འདས་པའི་ཉིན་ཤས་ཤིག་ནས་ཉམས་ཞིབ་པ་ཚོས་ཨ་རིའི་ཧྥོག་སི་གསར་འགྱུར་ལས་ཁང་གིས་རང་གི་མདོ་འཛིན་པ་གྲགས་ཅན་ཊར་ཀར་ཁ་རོལ་སན་གནས་དབྱུང་བཏང་བའི་རྒྱུ་རྐྱེན་ཅི་ཡིན་ཐད་གླེང་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཊ་ཀར་ཁ་རོལ་སན་གྱིས་གཙོ་སྐྱོང་བྱས་པའི་དགོང་མོའི་ཆུ་ཚོད་༨་པའི་ལས་རིམ་ལ་ཉིན་ལྟར་ལྟ་མཁན་མི་ས་ཡ་༣་ལྷག་འདུས། ལྷག་པར་དུ་ཨ་རིའི་རྙིང་ཞེན་ཅན་དང་གཡས་ཤོག་པ་ཚོ་ལས་རིམ་དེར་ཤིན་ཏུ་དགའ། ཕྱི་ཟླ་༤་པའི་ཚེས་༢༦་ཉིན་ཝོལ་སི་ཊི་རི་ཊི་ཇཱར་ནལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧྥོག་སི་གསར་འགྱུར་ལས་ཁང་གི་མདོ་འཛིན་པ་ཁ་རོལ་སན་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་ལ་འཕངས་པའི་འོས་ཤོག་རྣམས་ཌོ་མཱིན་ནིན་འོས་ཤོག་གྲངས་བཤེར་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ནང་དུ་ཇཱོ་བྷ་ཌན་ལ་ཐོབ་པ་ཞིག་ཏུ་སྒྱུར་གྱི་འདུག་ཟེར་བའི་སྐད་ཆ་ཞིག་གོ་རྒྱུ་འདུག་ཅེས་གླེང་ཕྱོགས་བཟོས། ཉེ་ཆར་ཧྥོག་སི་གསར་འགྱུར་ལས་ཁང་གིས་ཌོ་མཱི་མིན་འོས་ཤོག་གྲངས་བཤེར་བཟོ་ཚོང་ཁང་ལ་མིང་ཤས་བཟོས་པའི་གྱོང་གསབ་ཏུ་ཨ་སྒོར་དུང་ཕྱུར་༧་དང་བྱེ་བ་༩་མ་ཟིན་ཙམ་འཇལ་དགོས་བྱུང་བའི་གནས་ཚུལ་ཐོན་འདུག

ཊ་ཀར་ཁ་རོལ་སན་ནི་གཡས་ཤོག་གི་ལྟ་བ་མཁྲེགས་པོ་འཛིན་མཁན་ཞིག་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་ལངས་ཕྱོགས་ལ་ཁ་ལོ་སྒྱུར་ཐུབ་པ། ཁོ་པས་དམངས་གཙོ་ཚོགས་པ་དང་གཡོས་ཤོག་པ་ཚོས་ཨ་མི་རི་ཀར་ཕྱི་མི་གཞིས་ཆགས་པ་ཡོང་དུ་བཅུག་སྟེ་མི་རིགས་དཀར་པོ་རྣམས་གྲངས་ཉུང་དུ་བསྒྱུར་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པ་རེད་ཅེས་སྙད་འདོགས། ཁ་རོལ་སན་གྱིས་༢༠༢༠་ལོར་བྷ་ཌན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཤེས་བཞིན་དུ་འོས་འདེམས་དྲང་སྙོམས་བྱུང་མ་སོང་ཞེས་དོགས་པ་བསླངས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་ཁེ་ཝེན་མར་ཁར་ཐིར་གནོན་ཤུགས་སྤྲད་ནས་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ལ་དཔུང་རྒོལ་བྱས་པའི་བརྙན་འཕྲན་ཆ་ཚང་བླངས། ཁོ་པས་བརྙན་འཕྲིན་བཅད་གཏུབ་བྱས་ནས་གྲོས་ཚོགས་སུ་དཔུང་རྒོལ་བྱས་པ་ཞིག་མ་རེད་ཅེས་བསྐྱར་དུ་བསྟན། ཧྥོག་སི་གསར་འགྱུར་ལས་ཁང་གིས་ཨ་རི་ཛོ་ན་མངའ་སྡེའི་འོས་ཤོག་རྣམས་བྷ་ཌན་ལ་ཐོབ་འདུག་ཅེས་སྔོན་དཔག་བྱས་པའི་རྗེས་སུ་ཊར་ཀར་ཁ་རོལ་སན་གྱིས་མཁས་པ་ཡིན་ཟེར་མཁན་ཚོས་ང་ཚོར་མི་མང་གི་ཡིད་ཆེས་ཡོད་པ་བརླག་ཏུ་བཅུག་སོང་ཞེས་ངོ་རྒོལ་གྱི་འཕྲིན་ཐུང་སྤེལ།།

ཕྱི་ཟླ་༤་པའི་ཚེས་༢༤་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧྥོག་སི་གསར་འགྱུར་ལས་ཁང་གི་ལས་བྱེད་པ་ཟུར་པ་ཨེ་བྷི་གྷ་རོ་སི་བྷག་(Abby Grossberg)་གིས་ཊར་ཀར་ཁ་རོལ་སན་གྱི་ཁོར་ཡུག་ནི་བུད་མེད་ལ་མཐོང་ཆུང་དང་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་ལ་ཁྱད་གསོད། མཐོང་ཆུང་དང་ཁྱད་གསོད་མྱོང་བའི་མིའི་སེམས་ཁམས་ལ་གནོད་འཚེ་ཕོག་ཀྱང་སྣང་མེད་གཏོང་གི་འདུག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ནན་སི་ཕེ་ལོ་སིས་རྐྱལ་ཆས་གྱོན་པའི་འདྲ་པར་ཞིག་གློག་ཀླད་ཡོད་ཚད་ཀྱི་ཤེལ་ངོས་སུ་འཆར་དུ་བཅུག་སྟེ་རྩེད་མོ་རྩེས། བུད་མེད་ལས་བྱེད་པ་ཚོའི་མདོག་ལ་བལྟས་བཤད་པ་བརྒྱབ། བུད་མེད་ཚོའི་ལུས་པོར་ཁབ་གཙགས་རི་མོ་ཕབ་ཡོད་པ་དང་ཁ་སྣ་ཕུག་ཡོད་ན་སྐྱུག་མེར་ལང་གི་འདུག ཁོ་ཚོར་གཡོལ་དགོས་ཟེར་ནས་ལས་ཁུངས་ཀྱི་ཚོགས་འདུ་གལ་ཆེན་ཁག་ལ་མཉམ་ཞུགས་བྱེད་དུ་མ་བཅུག བུད་མེད་ལས་བྱེད་པ་ཚོར་དམའ་རིམ་གྱི་ལས་གནས་ཁག་བཀོད་སྒྲིག་བྱེད་ཀྱི་འདུག་ཅེས་ཧྥོག་སི་གསར་འགྱུར་ལས་ཁང་དང་ཊ་ཀར་ཁ་རོལ་སན་ཁྲིམས་ལ་གཏུགས།།

ཕྱི་ཟླ་༤་པའི་ཚེས་༢༤་ཉིན་ཧྥོབ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༢་པའི་ནང་དུ་སི་མར་ཊི་མེ་ཊིཀ་འོས་འཕེན་འཕྲུལ་ཆས་བཟོ་ཚོང་གིས་ཧྥོག་སི་གསར་འགྱུར་ལས་ཁང་ལ་ཨ་སྒོར་ཐེར་འབུམ་༢་དང་དུང་ཕྱུར་༧་གྱི་ཁ་མཆུ་བཙུགས། ཧྥོག་སི་གསར་འགྱུར་ལས་ཁང་གི་མདོ་འཛིན་པ་ལུ་དྷོ་དང་མ་རི་ཡ་བྷར་ཊི་རོ་མོ། སྲིད་འཛིན་ཌོ་ནལ་ཊམ་གྱི་སྐུ་སྒེར་ཁྲིམས་རྩོད་པ་ཇུ་ལི་ཡ་ཎི་སོགས་ཀྱིས་སྲིད་འཛིན་ཊམ་ལ་འོས་ཤོག་ཐོབ་ཀྱང་གྲུབ་འབྲས་བརྐུས་སོང་། སི་མར་ཊི་མེ་ཊིཀ་བཟོ་ཚོང་ཁང་གི་འོས་ཤོག་གྲངས་བཤེར་འཕྲུལ་ཆས་རྣམས་ཝེ་ནེ་ཛུ་ལ་ཡའི་སྲིད་འཛིན་ཧུ་གྷོ་ཤ་ཝེ་སི་དང་སྲིད་དབང་སྒེར་གཅོད་པ་ཚོས་སྤྲད་པ་རེད་ཅེས་བསྙོན་འཛུགས་བྱས་སོང་། ང་ཚོའི་བཟོ་ཚོང་ཁང་ལ་མིང་ཤས་བཟོས་ནས་ཚོང་ལས་ལ་གྱོང་གུད་ཕོག་ཏུ་བཅུག་སོང་ཞེས་ཁྲིམས་ལ་གཏུགས། ཧྥོག་སི་གསར་འགྱུར་ལས་ཁང་གིས་སི་མར་ཊི་མེ་ཊིཀ་བཟོ་ཚོང་ལས་ཁང་གིས་ཧམ་བཤད་བྱས་ནས་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་འགོག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་དགག་པ་བརྒྱབ།།

ཕྱི་ཟླ་༤་པའི་ཚེས་༢༠་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥོག་སི་གསར་འགྱུར་ལས་ཁང་གིས་ཌོ་མཱིན་ནིན་བཟོ་ཚོང་ཁང་ལ་མིང་ཤས་བཟོས་པར་གུན་གསབ་ཨ་སྒོར་དུང་ཕྱུར་༧་དང་བྱེ་བ་༩་མ་ཟིན་ཙམ་ཞིག་འཇལ་བའི་རྗེས་སུ་ཧྥོག་སི་བཟོ་ཚོང་ཁང་ལ་མ་རྩ་འཛུགས་མཁན་ཚོས་ཀྱང་ཧྥོག་སི་བཟོ་ཚོང་ཁང་གི་བདག་པོ་རུ་པར་ཊི་མར་ཌོག་དང་བཟོ་ཚོང་ལས་ཁང་ལ་ཁ་མཆུ་བཙུགས། ཁ་མཆུའི་ནང་དུ་མར་ཌོག་གི་བུ་རྒན་ཤོས་ལཱ་ཁ་ལན་མར་ཌོག་དང་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཕོལ་ར་ཡན་སོགས་ཚུད། མ་རྩ་འཛུགས་མཁན་ཚོས་ཧྥོག་སི་བཟོ་ཚོང་ཁང་གི་བདག་པོ་དང་འགན་འཛིན་ཚོས་མདོ་འཛིན་པ་ཚོར་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཌོ་ནལ་ཊམ་ལ་ཐོབ་པ་རེད། བྷ་ཌན་གྱིས་འོས་བསྡུའི་གྲུབ་འབྲས་ཕྲོགས་པ་རེད་ཅེས་འུར་སྒྲོགས་བྱེད་དུ་བཅུག་ནས་མ་བཀག་པ་རེད། ང་ཚོས་ཧྥོག་སི་བཟོ་ཚོང་ཁང་ལ་མ་རྩ་བཙུགས་པའི་དངུལ་སྒོར་རྣམས་འཆོར་གྱི་འདུག་ཁྲིམས་ལ་གཏུགས།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་རཱེ་ཨེབ་སི་ཟེར་བ་ཞིག་གིས་ཀྱང་ཧྥོག་སི་གསར་འགྱུར་ལས་ཁང་དང་ཊ་ཀར་ཁ་རོལ་སན་ལ་ཁ་མཆུ་འཛུགས་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་རཱེ་ཨེབ་སི་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་དང་ཨ་རིའི་གྲོས་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ལ་ཞུགས། ཊར་ཀར་ཁ་རོལ་སན་གྱིས་རཱེ་ཨེབ་སི་ནི་ཨ་རིའི་གཞུང་གིས་བཙུགས་པའི་གསང་ཉུལ་རེད། ཨ་མི་རི་ཀའི་སྲིད་གཞུང་གིས་གསང་ཉུལ་བཏང་ནས་ཟིང་འཁྲུག་བསླངས། དྲག་ཟིང་གི་ལན་ཁག་རྣམས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཞི་བའི་ངོ་རྒོལ་བྱེད་མཁན་ཚོར་གཡོགས་པ་རེད་ཅེས་བསྒྲགས། ཉེ་དུས་ཤིག་ནས་རཱེ་ཨེབ་སི་ཡིས་ང་ལ་ཧྥོག་སི་གསར་འགྱུར་ལས་ཁང་དང་ཊ་ཀར་ཁ་རོལ་སན་གྱིས་མིང་ཤས་ངན་པ་བཟོས་སོང་། ང་ནི་རང་གི་སྤྱི་ཚོགས་སུ་མིག་གིས་མཐོང་ས་མེད་པའི་དགྲ་བོ་ལྟ་བུ་ཞིག་ཏུ་གྱུར་ཏེ་ལུས་སེམས་གཉིས་ཀར་དཀའ་ངལ་ཚབས་ཆེན་ཕྲད་དང་འཕྲད་བཞིན་ཡོད་ཅེས་བཤད། ཕྱི་ཟླ་༣་པའི་ནང་དུ་རཱེ་ཨེབ་སིའི་ཁྲིམས་རྩོད་པས་ཊ་ཀར་ཁ་རོལ་སན་ལ་ཁུངས་མེད་ཀྱི་སྐྱོན་འཛུགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་ཡི་གེ་བཏང་བའི་གནས་ཚུལ་ཐོན་འདུག

ཧྥོག་སི་གསར་འགྱུར་ལས་ཁང་གིས་ཊ་ཀར་ཁ་རོལ་སན་གནས་དབྱུང་བཏང་བའི་རྒྱུ་མཚན་ཅི་ཡིན་གསལ་བཤད་བྱས་མེད་པར་མ་ཟད། ཊ་ཀར་ཁ་རོལ་སན་གྱིས་སོ་སོ་གནས་དབྱུང་གཏོང་རྒྱུ་ཡིན་པའང་ཤེས་མེད་ཅིང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཀྱི་དགོང་མོར་ཊ་ཀར་ཁ་རོལ་སན་གྱིས་གཟའ་ཟླ་བ་ཉིན་བསྐྱར་དུ་མཇལ་ཡོང་ཞེས་ལས་རིམ་མཇུག་བསྡུས། ཉམས་ཞིབ་པ་ཚོས་ཧྥོག་སི་གསར་འགྱུར་ལས་ཁང་གིས་ཌོ་མཱིན་ནིན་བཟོ་ཚོང་ཁང་ལ་ཨ་སྒོར་དུང་ཕྱུར་༨་མ་ཟིན་ཙམ་ཞིག་འཇལ་དགོས་བྱུང་ཞིང་། ད་དུང་ཡང་ཁ་མཆུ་འགའ་ཞིག་རྒྱག་གི་ཡོད་པ་བཅས་ལ་གཞིགས་ནས་ཊ་ཀར་ཁ་རོན་གནས་དབྱུང་བཏང་བ་རེད། གཟའ་ཟླ་བའི་ཞོགས་པར་ཧྥོག་སི་བཟོ་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལཱ་ཁ་ལན་མར་ཌོག་དང་གསར་འགྱུར་ཚན་པའི་སྤྱི་ཁྱབ་འགན་འཛིན་སུ་ཟན་སི་ཀོ་ཊི་གཉིས་ཀྱིས་ཊ་ཀར་ཁ་རོན་སན་གནས་དབྱུང་གཏོང་རྒྱུའི་ཐག་བཅད། ཧྥོག་སི་གསར་འགྱུར་ལས་ཁང་གིས་ང་ཚོ་གཉིས་མོས་ཀྱིས་ཁ་རོན་སན་ལས་ཁུངས་ནས་གྱེས་རྒྱུའི་གྲོས་མཐུན་བྱུང་སོང་། ཁོང་གིས་ལོ་མང་རིང་སྲི་ཞུ་བསྒྲུགས་པར་བཀའ་དྲིན་ཆེ་ཞེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༤་པའི་ཚེས་༢༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་པོ་འཛིན་མཁན་དང་རྙིང་ཞེན་ཅན། ཨ་རིའི་མི་རིགས་དཀར་པོ་ཇི་སྙེད་ཅིག་གིས་ཧྥོག་སི་གསར་འགྱུར་ལས་ཁང་གིས་ཊ་ཀར་ཁ་རོལ་སན་གནས་དབྱུང་བཏང་བར་བློ་ཕམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དཔེར་ན་ཊེཀ་སེ་སི་མངའ་སྡེའི་རྒད་པོ་ལོ་༦༧་ལ་སོན་པ་གྷུ་ཌེལ་མན་ཞེས་པ་ཞིག་གིས་ང་དང་ཆུང་མ་གཉིས་ཀྱིས་དེའི་སྐོར་ཁ་བརྡ་བྱེད་ཀྱི་ཡོད། ཊ་ཀར་ཁ་རོལ་སན་ལ་ལས་མཚམས་འཇོག་ཏུ་བཅུག་པ་ནི་མ་འོས་པ་ཞིག་རེད། ཁོ་པ་དོན་དམ་གྱི་རྙིང་ཞེན་ཅན་ཞིག་རེད་ཅེས་བསྔགས་བརྗོད་ཞུས། རང་མིང་དངོས་སུ་བརྗོད་འདོད་མེད་པའི་མི་གཞན་པ་བཞིས་ང་ཚོས་ཧྥོག་སི་གསར་འགྱུར་ལས་ཁང་གི་ལས་རིམ་ལ་བལྟ་རྒྱུ་མཚམས་བཞག་པ་ཡིན། ཁོ་ཚོ་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊམ་གྱི་རྒྱབ་རྩར་ལངས་མ་སོང་ཞེས་འཁང་ར་བཤད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG