ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ཅིའི་ཕྱིར་ཨུ་རུ་སུའི་མཐོ་རིམ་དམག་དཔོན་ཚོ་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད།


ཟླ་བ་སྔོན་མར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཐི་མུར་ཨི་ཝ་ནོབ་
ཟླ་བ་སྔོན་མར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཐི་མུར་ཨི་ཝ་ནོབ་

༄༅།། སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུའི་མཐོ་རིམ་དམག་དཔོན་བཞི་གཅིག་རྗེས་གཉིས་མཐུད་དུ་གོ་གནས་ཕབ་ནས་བཙོན་དུ་བཅུག ཕྱི་ཟླ་༥་པའི་ཚེས་༢༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཐི་མུར་ཨི་ཝ་ནོབ་(Timur Ivnov)་དང་རྒྱལ་སྲུང་ལྷན་ཁང་གི་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་ཡུ་རི་ཀུ་ཛི་ནེ་ཚོབ་(Yuri Kuznetsov)་གཉིས་བཟུང་། གཟའ་འཁོར་འདིར་ཨུ་རུ་སུའི་ལྷོ་ཕྱོགས་དམག་གི་དཔུང་སྟེ་༥༨་པའི་བཀོད་འདོམས་པ་ཟུར་པ་ཨི་ཝན་པོབ་(Ivan Popov)་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་དང་འབྲེལ་མཐུད་འགན་འཛིན་གཅིག་ལྕོགས་དམག་སྤྱི་ཝ་དིམ་ཤཱ་མ་རཱིན་(Vadim Shamari)་འཛིན་བཟུང་བྱས་འདུག ཨུ་རུ་སུའི་གཞུང་གིས་དམག་དཔོན་དེ་ཚོར་ལྐོག་ཟ་བྱས་པའི་ནག་ཉེས་བཙུགས་ཀྱང་དོ་བདག་ཚོས་ངོས་ལེན་མ་ཞུས། ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་མ་བཙུགས་གོང་དུ་བློན་ཆེན་ལྷན་ཁང་ལ་བཅོས་བསྒྱུར་བྱས་ནས་ཡུན་རིང་གི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་སྟེ་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།།

ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཐི་མུར་ཨི་ཝ་ནོབ་
ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཐི་མུར་ཨི་ཝ་ནོབ་

ཉམས་ཞིབ་པ་ཚོས་ཕུ་ཊིན་གྱིས་དམག་འཁྲུག་དོན་དུ་རྒྱལ་སྲུང་ལྷན་ཁང་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ་རེད་དམ། ཡང་ན་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་དང་གསང་བའི་ལས་ཁུངས་ཀྱི་བར་དུ་འགལ་ཟླ་བྱུང་ནས་ནང་འཁྲུག་རྒྱག་གི་ཡོད་པ་རེད། དེ་མིན་ན་ཁེ་ལིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་རྩིག་གྱང་མཐོན་པོའི་ནང་ལོགས་སུ་འཐབ་རྩོད་གཞན་ཞིག་ལངས་ནས་ཕུ་ཊིན་གྱིས་མཐོ་རིམ་དམག་དཔོན་ཚོ་འཛིན་བཟུང་བྱེད་དུ་འཇུག་གི་ཡོད་པ་རེད་ཅེས་དོགས་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཅིང་། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོ་དང་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་ནི་གནས་ཚུལ་གསར་པ་མིན་ཞིང་། ཁོ་ཚོས་ལོ་བཅུ་ཕྲག་མང་པོར་རང་གི་དབང་ཆ་དང་གོ་གནས་ལ་བརྟེན་ནས་ལྐོག་རྔན་ཟ་ལེན་བྱེད་ཀྱི་ཡོད་པ་ཡོངས་གྲངས་སུ་གྱུར། ཨུ་རུ་སུའི་གཞུང་གིས་ཀྱང་མཐོ་རིམ་འགོ་ཁྲིད་ཚོར་ལྐོག་ཟ་བྱེད་དུ་བཅུག་སྟེ་གཞུང་དྲང་བློ་དཀར་དང་ལངས་ཕྱོགས་བརྟན་པོ། ལྐོག་ཟའི་གནོང་ཡོད་པའི་མཐོ་རིམ་འགོ་ཁྲིད་ཚོ་སྟངས་འཛིན་བྱེད་བདེ་པོ་ཡོད་པ་རེད་ཅེས་བསྟན།།

རྒྱལ་སྲུང་ལྷན་ཁང་གི་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་ཡུ་རི་ཀུ་ཛི་ནེ་ཚོབ་
རྒྱལ་སྲུང་ལྷན་ཁང་གི་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་ཡུ་རི་ཀུ་ཛི་ནེ་ཚོབ་

ཡུ་རོབ་སྲིད་ཇུས་ཞིབ་འཇུག་ཁང་གི་དམངས་གཙོའི་བསྟུན་འགྱུར་ལྟེ་གནས་ཀྱི་བདེ་འཇགས་ཉམས་ཞིབ་པ་གྷ་ལི་ཡོ་ཏིས་(Mark Galeotti)་བཤད་པ་ལྟར་ན། ཕུ་ཊིན་གྱིས་མི་ཚང་མར་ལྐོག་ཏུ་ངན་མཚང་རེ་སྔོག་རྒྱུ་ཡོད་པ་དང་ཕྱི་རུ་སྟོན་མི་ཉན་པའི་བྱས་ཉེས་ཀྱི་ནག་ཐིག་རེ་འཕོག་ཏུ་བཅུག མཐོ་རིམ་འགོ་ཁྲིད་ཁ་ལ་མི་མཉན་པ་དང་གྱེན་ལྡོག་གི་ཉེན་ཁ་ཡོད་པ་ཚོར་ལྐོག་ཟའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱེད་དུ་འཇུག་གི་ཡོད་པ་རེད་ཅེས་བཀྲལ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་སྤྱི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཌེ་ཝི་སིས་(Nigel Gould-Davies)་ལྐོག་ཟ་རུལ་སུངས་ནི་ཨུ་རུ་སུའི་ལམ་ལུགས་ཀྱི་སྙིང་པོར་གྱུར་ཡོད་པ་རེད། ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུའི་མཐོ་རིམ་དམག་དཔོན་ཚོར་ལྐོག་ཟ་དང་བརྐུས་འཁྱེར། སྒེར་གྱི་ཁེ་ཕན་བསྒྲུབ་རྒྱུའི་སྒོ་མོ་ཡངས་པོར་ཕྱེ་སྟེ་གོ་སྐབས་བཟང་པོ་ཞིག་ཐོབ་པ་རེད་ཟེར།།

ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཐི་མུར་ཨི་ཝན་ནོབ་ལ་ཡུཀ་རེན་གྱི་མ་རི་ཨུ་པུལ་གྲོང་ཁྱེར་བསྐྱར་དུ་འཛུགས་སྐྲུན་གྱི་ལས་འགན་སྤྲད། ཁོ་པས་འཛུགས་སྐྲུན་གྱི་གན་རྒྱ་སྤྲོད་ཕྱོགས་ཐོག་ཏུ་ཨ་སྒོར་ས་ཡ་༡༡་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་ཕོག ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འདས་པོ་ཨ་ལིཀ་ཛན་ཌར་ནེ་ཝལ་ཎིའི་ཚོགས་པས་རྒྱལ་སྲུང་བློན་ཆེན་གཞོན་པ་ཨི་ཝན་ནོབ་དང་བཟའ་མི་ཚོ་ཕྱི་རྒྱལ་ལ་གུང་སེང་དུ་བསྐྱོད། ཁོ་ཚོས་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཏེ་གཞལ་ཡས་ཁང་ལྟ་བུའི་གཟིམ་ཤག་རྫིག་པོའི་ནང་དུ་བསྡད། ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་ཨི་ཝན་ནོབ་ཀྱི་ཆུང་མ་བཟའ་ཚང་འཐོར་ཡང་མུ་མཐུད་དུ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཐུབ་པའི་དངུལ་སྒོར་འདུག་ཅེས་ཐེར་འདོན་བྱས་ཤིང་། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་(Dmitry Peskov)་ཀྱིས་དམག་དཔོན་ཚོ་འཛིན་བཟུང་བྱས་པ་ནི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་ཁོ་ན་མིན། དེ་ནི་སྲིད་གཞུང་ཚང་མར་འབྱུང་གི་ཡོད་པའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད་ཅེས་བསྒྲགས།།

ཕྱི་ཟླ་༥་པའི་ཚེས་༢༤་ཉིན་ཕྱི་ལོགས་སུ་དཔར་འགྲེམ་བྱེད་ཀྱི་ཡོད་པའི་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་མཐོ་རིམ་དམག་དཔོན་ཚོ་གནས་དབྱུང་གཏོང་གི་ཡོད་པ་ནི་དབུས་ཕྱི་སོ་ལས་ཁུངས་དང་དམག་དཔོན་ཚོ་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལེན་མ་ཐུབ་པའི་འགག་རྩའི་ཐོག་ཏུ་རྩོད་གླེང་བྱུང་། དེ་བཞིན་ཨུ་རུ་སུའི་གཞུང་གིས་དམག་འཁྲུག་ལ་འགྲོ་གྲོན་གཏོང་གི་ཡོད་པ་གསང་བའི་ལས་ཁུངས་དང་རྒྱལ་སྲུང་ལྷན་ཁང་གཉིས་ཀྱིས་འཕྲོག་རྩོད་བྱས་ནས་ནང་འགལ་ལངས། ཨུ་རུ་སུའི་མཐོ་རིམ་དམག་དཔོན་ལྔ་འཛིན་བཟུང་བྱས་པ་ནི་དམག་དཔོན་བཅུ་གྲངས་ཤིག་འཛིན་བཟུང་བྱ་འཆར་ཡོད་པའི་སྔ་ལྟས་ཡིན་པར་སྣང་། སྲིད་འཛིན་ཕུ་ཊིན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་བློ་ཁ་བསྒྱུར་འདུག་ཅེས་ཁེ་ལིམ་ལིན་སྲིད་འཛིན་ལས་ཁུངས་དང་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཁག་ཅིག་གིས་གསར་འགོད་པར་གསང་གཏམ་བཤད་འདུག

ཨུ་རུ་སུའི་ལྷོ་ཕྱོགས་དམག་གི་དཔུང་སྟེ་༥༨་པའི་བཀོད་འདོམས་པ་ཟུར་པ་ཨི་ཝན་པོབ་
ཨུ་རུ་སུའི་ལྷོ་ཕྱོགས་དམག་གི་དཔུང་སྟེ་༥༨་པའི་བཀོད་འདོམས་པ་ཟུར་པ་ཨི་ཝན་པོབ་

ཉམས་ཞིབ་པ་ཚོས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་སྲིད་འཛིན་ཕུ་ཊིན་བློ་ཁ་བསྒྱུར་ནས་དམག་དཔོན་ཚོར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་གཡོགས། ༢༠༢༢་ལོར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་དམག་འཁྲུག་ལ་ལམ་ལྷོངས་མ་བྱུང་བའི་ལན་ཁག་རྒྱལ་སྲུང་ལྷན་ཁང་གི་དམག་དཔོན་ཚོར་གཡོག་ཐབས་བྱེད་ཀྱི་ཡོད་པ་རེད། དམག་འཁྲུག་གི་འགྲོ་གྲོན་རྣམས་གསང་བའི་ལས་ཁུངས་ཀྱིས་སྟངས་འཛིན་བྱས་ནས་རྒྱལ་སྲུང་ལྷན་ཁང་ལ་མ་རག ཡུཀ་རེན་ལ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་དོན་རོགས་དངུལ་ཆད་ནས་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་ཨུ་རུ་སུའི་དམག་དཔོན་ཚོ་འཛིན་བཟུང་བྱེད་ཀྱི་ཡོད་པ་ནི་ཐབས་རྡུགས་ཤིག་རེད། ད་ལྟ་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཟུར་པ་སེར་གྷེ་ཤོ་གུའི་ཕྱོགས་གཏོགས་ཀྱི་མི་རྣམས་རྩ་མེད་བཏང་སྟེ་སྟོབས་ཤུགས་ཉམས། གསང་བའི་ལས་ཁུངས་ཀྱིས་འཛེམ་ཟོན་མེད་པར་དམག་དཔོན་ཚོ་འཛིན་བཟུང་བྱེད་ཕོད་པ་ནི་ཕུ་ཊིན་གྱི་རྒྱབ་སྐྱོར་དང་ཆོག་མཆན་མེད་པར་སྒྲུབ་ཐུབ་དཀའ་ཞེས་གླེང་།།

ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་དམག་འཁྲུག་གི་དུས་འདིར་རྒྱལ་སྲུང་ལྷན་ཁང་དང་གསང་བའི་ལས་ཁུངས་གཉིས་ཀྱིས་ནང་འཁྲུག་བརྒྱབ་སྟེ་སྔོན་མའི་ཨུ་རུ་སུ་དམར་ཤོག་གི་གསང་བའི་ལས་ཁུངས་ཁེ་ཇཱི་བྷིའི་ཤུལ་འཛིན་ཏེ། ད་ལྟའི་ཨུ་རུ་སུའི་དབུས་ཕྱི་སོ་ལས་ཁུངས་ལ་རྒྱལ་ཁ་ཐོབ། སྲིད་འཛིན་ཕུ་ཊིན་སྔོན་ཆད་ཁེ་ཇཱི་བྷི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཞིག་ཡིན་པས་གསང་བའི་ལས་ཁུངས་ལ་སེམས་ཐག་ཉེ་པོ་ཡོད་པ་རེད། ད་དུང་ཡང་དམག་དཔོན་མང་པོ་འཛིན་བཟུང་བྱ་རྒྱུ་དང་ནང་འཁྲུག་འདི་ཡུན་རིང་ཞིག་ལ་མཚམས་ཆོད་དཀའ་ཞེས་བཤད། རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་ནས་བདུན་ཕྲག་གཉིས་ཀྱི་རྗེས་སུ་དམག་དཔོན་ལྔ་འཛིན་བཟུང་བྱས་ཏེ་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང་ལྐོག་ཟའི་ནག་ཉེས་བཙུགས། དེང་རབས་ཀྱི་ཨུ་རུ་སུའི་ལོ་རྒྱུས་ནང་དུ་མཐོ་རིམ་དམག་དཔོན་ཁག་འཛིན་བཟུང་བྱས་པའི་གནས་ཚུལ་ཛ་དྲག་ཅིག་ཏུ་གྱུར་འདུག་ཅེས་སྨྲས།།

མོ་སི་ཀོ་དུས་བབ་ཚགས་པར་གྱིས་མིང་འདོན་མ་བྱས་པའི་གཞུང་འབྲེལ་མི་སྣ་ཞིག་གིས་ལོ་འདི་མཇུག་མ་བསྒྲིལ་གོང་དུ་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་བརྒྱ་ཕྲག་མིན་རུང་བཅུ་ཕྲག་མང་པོ་གནས་དབྱུང་བཏང་ནས་འཛིན་བཟུང་བྱ་རྒྱུའི་རྟས་མཚན་འདུག ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ཁང་ཆེན་ཁག་ལས་ཀྱང་ལས་བྱེད་པ་མང་བ་འདུག་ཅེས་གླེང་ཕྱོགས་བཟོས། ཡུཀ་རེན་གྱི་དམག་འཁྲུག་སྔོན་དེར་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་ནས་རྒྱལ་ཁ་བདེ་བླག་ཏུ་ཐོབ་ས་རེད་ཅེས་ཕུ་ཊིན་ལ་སྙན་སེང་ཞུས་ཀྱང་དོན་འཁྱོལ་མ་བྱུང་བར་མ་ཟད། རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་འགོ་ཁྲིད་པའི་ཨུ་རུ་སུའི་དམག་ལའང་རྒྱལ་ཁ་མ་ཐོབ། དེས་ན་ཡུཀ་རེན་གྱི་དམག་འཁྲུག་གི་ཇུས་ཉེས་དང་ཕམ་ཉེས་ཀྱི་ལན་ཁག་གཡོག་ས་ཞིག་འཚོལ་དགོས། ཁེ་ལིམ་ལིན་སྲིད་འཛིན་ལས་ཁུངས་ཀྱིས་དམག་དཔོན་རྣམས་འཛིན་བཟུང་བྱས་པ་ལྐོག་ཟ་རུལ་སུངས་ལ་བསྒྱུར་ནས་ནང་ཁུལ་དུ་འཐབ་རྩོད་ཆེན་པོ་ཞིག་ལངས་ཡོད་པ་གསང་བ་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG