ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཨི་སི་རལ་གྱི་ལག་ཏུ་མ་ཐེབས་པའི་ཧ་མ་སིའི་འགོ་ཁྲིད་ཡཱ་ཡ་སིན་ཝར་སུ་རེད།


༄༅།། ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་ལོ་བཅུ་ཕྲག་གཉིས་ལ་ཨི་སི་རལ་གྱི་བཙོན་ཁང་དུ་བསྡད། ཁོ་པས་ཨི་སི་རལ་གྱི་མིའི་བསམ་བློ་གཏོང་སྟངས་ལ་ཞིབ་འཇུག་བྱས་ནས་མི་གཏའ་བཙན་ཁྲིད་བྱ་རྒྱུའི་རིག་པ་རྙེད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡཱ་ཡ་སིན་ཝར་གྱིས་ཨི་སི་རལ་གྱི་ཕོ་མོ་གཉིས་ཀ་དམག་ཁོངས་སུ་ཞུགས་དགོས་པ་དང་རྒྱལ་ཁབ་དེའི་སྤྱི་ཚོགས་སུ་དམག་མིར་དམིགས་བསལ་གྱི་ཆེ་མཐོང་ལྡན། ཨི་སི་རལ་གྱི་སྟོབས་ཤུགས་ཀྱང་དམག་དཔུང་ལ་བརྟེན་ཡོད་ཅིང་། ཁོ་པས་སྟོབས་ཤུགས་དེ་ཞན་ཆ་ཞིག་ཏུ་བསྒྱུར་ཐུབ་པའི་ཐབས་ཇུས་རྙེད། ཨི་སི་རལ་གྱི་བཙོན་ཁང་དོ་དམ་པ་དང་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་ཡུ་ཝལ་བྷི་ཊོན་གྱིས་བཙོན་ཁང་དུ་ཧ་མ་སི་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་ལ་བཤིབས་མྱོང་ཡོད་པ་སྟེ། ཁོ་པས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝར་གྱིས་འཇིའུ་ཚོ་མི་གཏའ་བཙན་ཁྲིད་བྱས་ན་པ་ལི་སི་ཐན་བ་མང་པོ་བཙོན་བཀྲོལ་ཐོབ་ཏུ་ཐུབ་པའི་ངེས་ཤེས་རྙེད་པ་རེད་ཅེས་བཤད་འདུག

༢༠༡༡་ལོར་ཨི་སི་རལ་གྱིས་གྷི་ལ་ཌ་ཤ་ལི་ཏ་ཞེས་པའི་དམག་མི་གཅིག་གི་དོན་དུ་པ་ལི་སི་ཐན་ལ་༡༠༢༧་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་པར་གྱུར། ཡཱ་ཡ་སིན་ཝར་གྱིས་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་མི་གཏའ་བཙན་ཁྲིད་ཐུབ་ན་པ་ལི་སི་ཐན་བ་མང་པོ་བཙོན་བཀྲོལ་འཐོབ་ཏུ་འཇུག་ཐུབ་པའི་དམིགས་ཡུལ་བཅངས། དེར་བརྟེན་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཨི་སི་རལ་ལ་གཏོང་རྒོལ་བྱས་ནས་མི་༡༢༠༠་བསད་པ་དང་མི་༢༤༠་བཙན་ཁྲིད། ད་དུང་ཡང་ཧ་མ་སི་ཤོག་ཁག་གི་ལག་ཏུ་ཨི་སི་རལ་གྱི་དམག་མི་ཚུད་པའི་མི་༡༣༨་བཙན་ཉར་བྱས་ཡོད་པས་ཡཱ་ཡ་སིན་ཝར་གྱིས་ཨི་སི་རལ་ལ་གཏན་དུ་མེ་འཕེན་མཚམས་འཇོག་བྱ་དགོས། པ་ལི་སི་ཐན་གྱི་བཙོན་པ་སྟོང་ཕྲག་མང་པོ་གློད་གྲོལ་གཏོང་དགོས་ཞེས་ཆ་རྐྱེན་འདོན་ཐུབ། དེང་སྐབས་ཨི་སི་རལ་གྱི་གཞུང་འབྲེལ་མི་སྣའི་གྲས་སུ་དམག་མི་གཅིག་གི་དོན་དུ་པ་ལི་སི་ཐན་བ་སྟོང་ཕྲག་༡་ལྷག་གློད་གྲོལ་བཏང་བ་དེ་ནོར་འཁྲུལ་བྱུང་འདུག་ཅེས་གླེང་སློང་བྱེད་འགོ་ཚུགས།།

སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༦༡་ལ་སོན་པའི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་ནི་༡༩༦༢་ལོར་གྷ་ཟའི་ཁན་ཡུ་ནི་སི་གྲོང་རྡལ་གྱི་ཁྱིམ་ཚང་དབུལ་ཕོངས་ཤིག་ཏུ་སྐྱེས། ཁོ་པ་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ལ་མ་འགྱུར་གོང་དུ་ཨི་སི་རལ་གྱི་གསར་འགོད་པ་དང་རྩོམ་པ་པོ་ཨེ་ཧུད་ཡཱ་རི་ཡིས་༡༩༩༣་ནས་༢༠༠༡་བར་དུ་བཙོན་ཁང་དུ་བཅར་འདྲི་ཐེངས་༤་ཞུས། ཁོ་པས་ཡཱ་ཡ་སིན་ཝར་ནི་གྲོས་མོལ་བྱ་རྒྱུ་དང་རྒྱལ་ཁབ་གཉིས་འཛུགས་རྒྱུའི་ལྟ་བར་བསམ་བློ་གཏོང་མཁན་ཞིག་གཏན་ནས་མ་རེད། ཁོ་པས་ཨི་སི་རལ་རྩ་མེད་གཏོང་དགོས་པ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཀྱི་ཁོངས་སུ་འཇིའུ་ཚོ་གྲུབ་ཆ་ཞིག་ལ་འགྱུར་དུ་འཇུག་རྒྱུ་མིན། ཡཱ་རི་ཁྱོད་ལ་དམིགས་བསལ་སྤྲོད་ཆོག་ཅེས་རྩེད་མོ་དང་སྦྲགས་ནས་ང་ལ་བཤད་མྱོང་ཡོད་ཅེས་བཙོན་ཁང་དུ་སིན་ཝར་ལ་བཅར་འདྲི་ཞུས་པ་ཁག་ཕྱིར་དྲན་བྱས་ནས་གླེང་མོལ་བྱས་འདུག

༡༩༨༧་ལོར་ཤཱེག་ཡ་སིན་ཞེས་པའི་བླ་མ་ཞིག་གིས་ཧ་མ་སི་ཤོག་ཁག་བཙུགས་ཏེ་སིན་ཝར་སྤྱན་བསལ་དུ་གྱུར་པ་དང་ཤོག་ཁག་དེའི་ནང་སོ་ལས་ཁུངས་འཛུགས་དགོས་པའི་བཀའ་ཕབ། ཧ་མ་སིའི་ནང་སོ་ལས་ཁུངས་ཀྱིས་ཨི་སི་རལ་ལ་ལག་འབྲེལ་བྱེད་མཁན་པ་ལི་སི་ཐན་བ་རྣམས་རྩད་གཅོད་བྱས་ནས་བསད། ཨེ་ཧུད་ཡ་རིས་ང་ལ་ཐེངས་གཅིག་སིན་ཝར་གྱིས་འདི་ལྟར་བཤད་མྱོང་། ཁོ་པས་ཨི་སི་རལ་ལ་ལག་འབྲེལ་བྱེད་ཀྱི་ཡོད་པའི་པ་ལི་སི་ཐན་བ་དོགས་གཞི་ཅན་ཞིག་བཟུང་། མི་དེའི་སྤུན་མཆེད་ལ་རང་གི་ཕུ་བོའི་སྟེང་དུ་ཁེམ་བུས་ས་འདེད་དུ་བཅུག་སྟེ་གསོན་པོར་དུར་དུ་སྤས་པ་ཡིན། ཐེངས་གཅིག་ངས་ཨི་སི་རལ་ལ་ལག་འབྲེལ་བྱེད་མཁན་རམ་སི་ཟེར་བ་ཞིག་འཛིན་བཟུང་བྱས་ནས་སྐེ་བསྡམས་ཏེ་བསད་པ་ཡིན། ཁོ་པར་རོ་ཤུན་དཀར་པོ་གཡོགས་ནས་དུར་སྦས། རམ་སི་གསོད་དགོས་པའི་མི་ཞིག་ཡིན་པ་དང་དོ་བདག་གིས་ཀྱང་རང་ཉིད་གསོད་པ་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་རེད་ཅེས་བཤད་མྱོང་། བཙོན་ཁང་ནང་དུའང་སིན་ཝར་གྱིས་རང་གི་ཁ་གཏད་པ་རྣམས་གསོད་རྒྱུར་འཛེམ་ཟོན་མི་འདུག མི་ཞིག་ཁོ་པའི་ཕྱོགས་སུ་ལངས་པའམ། ཡང་ན་ཁོ་པར་སྐྲག་ནས་འདུག་དགོས་ཀྱི་རེད། སིན་ཝར་ལ་ཁ་གཏད་བཅག་ན་ཐར་ས་ཡོད་པ་མ་རེད་ཅེས་བཀྲལ།།

ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་བྷུ་ལུམ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གཏོར་རྒོལ་བྱས་པ་དེ་ཉུང་མཐའ་ཡང་ལོ་ལྔའི་གོང་ནས་གྲ་སྒྲིག་བྱས་འདུག ཡཱ་ཡ་སིན་ཝར་གྱིས་ཡིག་ཆ་ཞིག་གི་ཟུར་དེར་ཧི་བྷུ་རུའི་སྐད་དུ་ཡིག་ཆུང་ཞིག་བྲིས། ཡིག་ཆུང་དེའི་ནང་དུ་མེ་འཕེན་མཚམས་འཇོག་བྱས་ན་དགེ་སྐྱོན་ཅི་ཡོད་བསམ་བློ་ཞིབ་ཏུ་བཏང་བ་ཡིན་ཞེས་བྲིས་ཏེ་ཨི་ཇེབ་ཀྱི་བར་འདུམ་པར་སྤྲད། ཨི་ཇེབ་ཀྱི་བར་འདུམ་པས་ཡིག་ཆུང་དེ་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུར་འཕྲོད་རྒྱུའི་ཚོད་དཔག་བྱས། དེ་ནས་སིན་ཝར་གྱིས་སླར་ཡང་ཨི་ཊ་ལིའི་གསར་འགོད་པ་ཞིག་ལ་ང་ཚོར་དམག་འཁྲུག་རྒྱག་འདོད་མེད། ང་ཚོས་མེ་འཕེན་མཚམས་འཇོག་བྱ་རྒྱུ་ཡིན། གྷ་ཟ་ནི་མཚོ་ཁར་ཆགས་ཡོད་པས་སིངྒ་པུར་དང་དྷུ་བྷེ་ལྟ་བུ་ཞིག་ཏུ་འགྱུར་ཆོག་གི་རེད་ཅེས་ཧ་མ་སི་ཤོག་ཁག་ལ་འཐབ་འཁྲུག་རྒྱག་འདོད་མེད་པའི་གཡོ་གཏམ་བཤད་ནས་ཨི་སི་རལ་མགོ་སྐོར་འགོ་ཏུ་ཚུད། ཨེ་ཧུད་ཡཱ་རིས་མུ་མཐུད་དུ་བཤད་ན་སིན་ཝར་ལ་ཐོག་མ་ནས་ཨི་སི་རལ་གྱི་མི་མཏའ་བཙན་ཁྲིད་བྱ་རྒྱུའི་འཆར་གཞི་ཡོད་ས་རེད་ཅེས་བསྟན།།

༢༠༡༡་ལོར་ཡཱ་ཡ་སིན་ཝར་གློད་གྲོལ་བཏང་བའི་རྗེས་སུ་བསྐྱར་དུ་གྷ་ཟའི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་གྲས་སུ་བསྐོས། ༢༠༢༡་ལོའི་ཕྱི་ཟླ་༥་པའི་ནང་བདུན་ཕྲག་གཉིས་ཀྱི་རིང་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་འཐབ་འཁྲུག་ལངས། སིན་ཝར་གྱིས་ཨི་སི་རལ་གྱི་དམག་གིས་ཨལ་ཨག་ས་ཁ་ཆེའི་ལྷ་ཁང་རང་སོར་མ་བཞག་ཚེ། པ་ལི་སི་ཐན་གྱི་རང་སྲོག་བློས་གཏོང་བ་སྟོང་ཕྲག་མང་པོས་གྲི་བསྣུན་ནས་འཇིའུ་རྣམས་བསད། ཁོ་ཚོའི་རླངས་འཁོར་ཕྲོགས་ཏེ་མི་ཚོགས་ཁྲོད་དུ་བརྒྱུག་རྒྱུ་ཡིན། ས་མཚམས་ཡོད་དོ་ཅོག་ནས་པ་ལི་སི་ཐན་བ་ཚོ་ཆུ་ལོག་བརྡོལ་བ་བཞིན་ཨི་སི་རལ་གྱི་ཐོག་ཏུ་བརྒྱུག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ཕྱི་ཟླ་༡༠་པའི་ཚེས་༧་གྱི་གཏོར་རྒོལ་དེར་ཨལ་ཨག་ས་ཆུ་ལོག་ཅེས་མིང་བཏགས་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཧ་མ་སི་ཤོག་ཁག་གིས་མི་༩༧་གློད་གྲོལ་གཏོང་བར་ཨི་སི་རལ་གྱིས་བུད་མེད་དང་ལོ་ཆུང་སོགས་རྣམས་ཚུད་པའི་པ་ལི་སི་ཐན་བ་༢༡༠་གློད་གྲོལ་གཏོང་དགོས་བྱུང་འདུག ཨི་སི་རལ་གྱི་དམག་མི་འཛིན་ཐུབ་ན་པ་ལི་སི་ཐན་བ་བཙོན་པ་ཧ་ཅང་མང་པོ་གློད་གྲོལ་གཏོང་དུ་འཇུག་ཐུབ་པའི་ཁོག་རྩིས་བརྒྱབ་འདུག་ཟེར།།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རབ་མཚོ་ཁུག་རྒྱལ་ཁབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧུ་སེན་ཨི་བྷི་ཤཱས་བཤད་པ་ལྟར་ན། ཡཱ་ཡ་སིན་ཝར་དང་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཚོས་ཨི་སི་རལ་ལ་གཏན་དུ་དམག་འཁྲུག་རྒྱག་རྒྱུའི་འདུན་པ་བཅངས། ཨི་སི་རལ་གྱིས་བསྐྱར་དུ་གྷ་ཟར་དབང་བསྒྱུར་བྱས་ན་གྱེན་ལོག་ཆེན་པོ་སློང་ཐུབ་པར་མ་ཟད། དཀྱིལ་ཤར་ས་ཁུལ་དུ་འཁྲུག་རྩོད་ཆེན་པོ་ཞིག་སློང་རྒྱུའི་ཀུན་སློང་བཅངས་འདུག ཁོ་ཚོ་ཞེ་སྡང་དང་ཁོང་ཁྲོ། དགྲ་ཤ་ལེན་རྒྱུའི་ང་རྒྱལ་གྱིས་བརྟས་ནས་འཐབ་འཁྲུག་འབའ་ཞིག་ལ་བསམ་བློ་གཏོང་གི་འདུག དམག་འཁྲུག་འཇོམས་པའི་རྗེས་སུ་གྷ་ཟའི་མི་མང་གིས་་སིན་ཝར་དང་ཧ་མ་སི་ཤོག་ཁག་ལ་གྱེན་ལོག་བྱ་སྲིད་ཅེས་སྨྲས། ཨི་སི་རལ་གྱི་གསར་འགོད་པ་དང་རྩོམ་པ་པོ་ཨེ་ཧུད་ཡཱ་རིས་ཀྱང་སིན་ཝར་གྱིས་མིའི་ཚེ་སྲོག་ལ་རིན་ཐང་གཏན་ནས་མི་བརྩི་། ཐ་ན་པ་ལི་སི་ཐན་བའི་ཚེ་སྲིག་ལའང་རིན་ཐང་རྩི་ཡི་མ་རེད། གྷ་ཟའི་ཕྱེད་ཀ་བསྣུབས་ཀྱང་ཧ་མ་སི་རྩ་མེད་གཏོང་མ་ཐུབ་ན་རྒྱལ་ཁབ་ཞིག་ཏུ་རྩི་ཡི་རེད་ཅེས་བཤད།།

ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་
ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་

ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་དུས་ཡུན་ཅི་ཙམ་འགོར་ཡང་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཚོ་རྩ་མེད་གཏོང་རྒྱུ་ཡིན་ཞེས་དམའ་བཅའ་བཞག ཨི་སི་རལ་གྱི་དམག་གིས་གྷ་ཟའི་ས་ཁུལ་དུ་སིན་ཝར་གྱི་ཁང་པ་རྩ་གཏོར་བཏང་ཡང་ཁོ་པ་ཁྱིམ་དུ་བསྡད་མེད་པས་གསོད་མ་ཐུབ། སིན་ཝར་སྐྱོབ་གསོ་སྐྱེལ་འདྲེན་དོས་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་གྷ་ཟའི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བྲིས་ཡོད་པའི་གནས་ཚུལ་ཐོན། ཨི་སི་རལ་གྱི་དམག་དང་གསང་བའི་ལས་ཁུངས་ཁག་གིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝར་ས་འོག་གི་ཕུག་ལམ་ནང་དུ་སྐུང་ཡོད་པའི་ཚོད་དཔག་བྱས་འདུག ཨེ་ཧུད་ཡཱ་རིས་འཇིགས་སྐུལ་རིང་ལུགས་པ་སིན་ཝར་གང་དུ་ཡོད་ཀྱང་ཁྱད་པར་མེད། ཁོ་པ་ལོ་གཅིག་དང་ལོ་གཉིས། ལོ་གསུམ་ལ་སྐུང་ཐུབ་ཀྱང་མཐའ་མཇུག་ཨི་སི་རལ་གྱི་ལག་ཏུ་ཐེབས་ངེས་རེད་ཅེས་བཤད། ཨི་སི་རལ་གྱི་ཨ་རབ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཨ་མ་སི་ཤོག་ཁག་མེད་པར་གྱུར་ན་འདོད་པ་ཡོད་ཀྱང་ཤོག་ཁག་དེའི་རྗེས་སུ་གྷ་ཟ་ཐང་གཤོང་ལ་འཛིན་སྐྱོང་བྱེད་མཁན་ཞིག་དགོས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG