ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝུ་ཧན་བརྟག་དཔྱད་ཁང་ནས་ནད་དུག་ཕྱི་ལ་ཁྱབ་པའི་དོགས་པ་སེལ་མེད་པ། 


༄༅།། ཁ་སང་གཟའ་མིག་དམར་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ཞིབ་འཇུག་སྙན་ཐོ་བཏོན། སྙན་ཐོ་དེར་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་མི་ལ་ཇི་ལྟར་འགོས་པ་ཡིན་མིན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་སྦ་གསང་བྱས་ནས་འཛམ་གླིང་ཡོངས་ལ་ཁྱབ་པ་ཡིན་མིན་སོགས་ཀྱི་དོགས་པ་རྣམས་སེལ་དགོས་པ་ཞིག་ཡིན་མོད། ད་ལྟ་ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་༡༤་ཡིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྙན་ཐོ་དེ་ཞིབ་ཕྲ་དང་ཁ་གསལ་མེད་པ། ཐ་ན་ཞིབ་འཇུག་སྙན་ཐོ་དེའི་ཚན་པ་ཁག་ཅིག་རྒྱ་ནག་གཞུང་གིས་རྩོམ་སྒྲིག་བྱས་པ་འདྲ་པོ་འདུག་ཅེས་སྐྱོན་བཙུགས། དེ་བཞིན་རྒྱལ་ཁབ་༢༧་གྱི་སྒྲིག་འཛུགས་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་ཨ་མི་རི་ཀ་སོགས་ལས་རྗོད་ཚིག་ཅུང་ཙམ་འཇམ་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྙན་ཐོ་དེ་ཕྱི་གསལ་ནང་གསལ་ཞིག་མ་རེད་ཅེས་སྐྱོན་བཙུགས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱ་ནག་ལ་བཏང་བའི་ཞིབ་འཇུག་པ་ཚོས་དུས་ཡུན་བདུན་ཕྲག་༤་ལ་ཝུ་ཧན་གྲོང་ཁྱེར་དུ་ལས་དོན་བསྒྲུབས་པའི་སྐབས་སུ་འགོག་རྐྱེན་མང་དག་ཅིག་ཕྲད་བྱུང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ལ་འབྲེལ་བ་ཡོད་པའི་གཞི་གྲངས་ཆ་ཚང་ཞིག་བསྟན་མ་སོང་། ༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ནད་འབུ་ཕྲ་མོའི་བརྟག་དཔྱད་ཁང་ཞིག་ནས་ཕྱི་ལ་ཁྱབ་པ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པར་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཅེས་བསྒྲགས།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྙན་ཐོ་དེར་སྐྱོན་བརྗོད་ཕོག་དོན་གཙོ་བོ་ཞིག་ནི་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་གཅིག་གི་རྗེས་སུ་མ་གཏོགས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་ཐུབ་མེད་པ། ཨ་མི་རི་ཀའི་གཞུང་དང་ཚན་རིག་པ་ཚོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རང་དབང་ལྡན་པའི་སྒོ་ནས་ཞིབ་འཇུག་བྱེད་ཐུབ་རྒྱུ་ཡིན་མིན། ཞིབ་འཇུག་སྙན་ཐོ་དེ་ཡིད་རྟོན་རུང་བ་ཞིག་འཁྱོངས་རྒྱུ་ཡིན་མིན། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྙན་ཐོ་དེར་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་བཅས་ལ་དོགས་སློང་བྱས་ཤིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་རྒྱུ་དེར་རྒྱ་ནག་གཞུང་གིས་ནར་འགྱངས་ལན་མང་བཏང་བའི་རྗེས་སུ་རྒྱལ་སྤྱིའི་མཁས་པ་ཁག་དང་རྒྱ་ནག་གི་མཁས་པ་ཚོ་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱས་འདུག རྒྱ་ནག་གི་ཚན་རིག་པ་དང་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་བསྒྲིགས་བྱས་པའི་གཞི་གྲངས་ཁག་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བཏང་བའི་ཞིབ་འཇུག་པ་ཚོས་ཞིབ་འཇུག་གཟབ་ནན་བྱས་ཀྱང་རྒྱ་གཞུང་གིས་བསྟན་པའི་གཞི་གྲངས་དེ་དག་གི་ནང་དུ་ཏོག་དབྱིབས་ནད་དུག་ཇི་ལྟར་ཁྱབ་པ་ཡིན་མིན། ཐོག་མར་ས་གནས་གང་དུ་ཁྱབ་པ་དང་མི་ལ་ཇི་ལྟར་འགོས་པའི་གནས་ཚུལ་རྣམས་ཁ་གསལ་ཞིག་འཁོད་མེད་པ་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན།

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་ཀྱི་སྨན་ཁང་ཁག་དང་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པའི་གཞི་གྲངས་རྣམས་རྒྱལ་སྤྱིའི་ཞིབ་འཇུག་མཁས་པ་ཚོར་བསྟན་མེད་ཅིང་། ངས་རྒྱལ་སྤྱིའི་ཞིབ་འཇུག་པ་ཚོར་གླེང་མོལ་བྱས་པ་ཡིན། རྒྱ་ནག་གཞུང་གིས་ཐོག་མའི་མ་ཟིན་གྱི་གཞི་གྲངས་རྣམས་རྒྱལ་སྤྱིའི་ཞིབ་འཇུག་པ་ཚོར་བསྟན་མི་འདུག མ་འོངས་པར་དུས་ཐོག་ཏུ་གཞི་གྲངས་ཆ་ཚང་ཞིག་བསྟན་ནས་མཉམ་འབྲེལ་ཞིབ་འཇུག་བྱེད་ཐུབ་པའི་རེ་ལྟོས་འཆང་གི་ཡོད་ཅེས་བཤད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་དི་རོ་སི་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་ཁོ་པ་རྒྱ་ནག་གིས་དངུལ་སྒོར་སྤྲད་ནས་ཉོས་པ་རེད། སྐུ་ཞབས་ཊེ་ཌི་རོ་སི་རྒྱ་ནག་གི་མགྲིན་ཚབ་པ་རེད་ཅེས་སྐྱོན་བརྗོད་ལན་མང་ཕོག་མྱོང་ཡོད་པར་མ་ཟད། རྒྱལ་སྤྱིའི་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་ངོ་རྒོལ་བྱུང་ཞིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པའི་རུ་ཁག་ཁོངས་སུ་ཡོད་པའི་ཨོ་གླིང་རྒྱལ་ཁབ་ཀྱི་ཚན་རིག་པ་ཌ་ཝ་ཡེར་གྱིས་༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ནང་གི་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་འགོ་སྟོད་ཀྱི་ནད་པ་༡༧༤་ཡི་གཞི་གྲངས་ཞིབ་ཕྲ་རྣམས་བསྟན་མ་སོང་། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་ནད་པ་དེ་དག་གི་ནད་རྟགས་དང་ཇི་ལྟར་འགོས་པ་ཡིན་མིན་སོགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་སྤྲད་བྱུང་ཞེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཤད་འདུག

རྒྱ་ནག་གི་ནད་འབུ་ཕྲ་མོའི་བརྟག་དཔྱད་ཁང
རྒྱ་ནག་གི་ནད་འབུ་ཕྲ་མོའི་བརྟག་དཔྱད་ཁང

ཡུ་རོབ་མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོ་དེ་ཕན་ཐོགས་ཡོད་པའི་གོམ་སྟབས་དང་པོ་དེ་རེད། སྟབས་མ་ལེགས་པ་ཤིག་ལ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱ་རྒྱུ་འཕྱི་དྲགས་པ་དང་ཞིབ་འཇུག་མཁས་པ་ཚོ་དུས་ཐོག་ཏུ་ས་གནས་ས་ཐོག་ལ་གཏོང་རྒྱུ་ནར་འགྱངས་བཏང་བ། རྒྱལ་སྤྱིའི་མཁས་པ་ཚོར་ཐོག་མའི་གཞི་གྲངས་ཁག་ཀྱང་ཉུང་ཤས་ཤིག་ལས་ཞིབ་འཇུག་བྱ་རྒྱུ་རག་མི་འདུག ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེར་ཞིབ་འཇུག་ཚད་ལྡན་ཞིག་དང་མི་ལ་ཇི་ལྟར་འགོས་པ་རྣམས་ཡག་པོ་ཞིག་མ་ཤེས་པར་ནད་ཡམས་འདི་འགོག་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། མ་འོངས་པར་ནད་ཡམས་འདིའི་རིགས་ལ་གདོང་ལེན་བྱ་རྒྱུ་དེར་གྲ་སྒྲིག་གང་ལེགས་ཐུབ་རྒྱུ་ནི་དེ་བས་ཀྱང་ཁག་པོ་རེད་ཅེས་བཀོད། ཨ་མི་རི་ཀའི་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྙན་ཐོ་དེར་གནད་འགག་ཆེ་བའི་གཞི་གྲངས་རྣམས་འདུས་མི་འདུག ཞིབ་འཇུག་སྙན་ཐོ་དེ་ཕྱོགས་གཅིག་དང་ཆ་མ་ཚང་བ། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་གནས་ཚུལ་ཚང་མ་ཕྱི་གསལ་ནང་གསལ་བྱས་ནས་བསྟན་མེད་པ་དང་གཞི་གྲངས་ཆ་ཚང་བསྟན་མེད་པ། རྒྱ་ནག་གཞུང་གིས་གཏན་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་འཚོལ་ཞིབ་ལ་མཉམ་རོགས་ཡག་པོ་ཞིག་བྱས་མི་འདུག ང་ཚོར་ཟླ་བ་མང་པོའི་སྔོན་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་དོགས་པ་ཞིག་ཡོད་པ་སེལ་ཐུབ་མ་སོང་ཞེས་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱེན་ས་ཀིས་གསལ་བསྒྲགས་སྤེལ།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་ཚོས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཚོད་དཔག་བཞི་བྱས་ཡོད་པ་སྟེ། ཚན་རིག་པ་ཕལ་ཆེ་བས་ཏོག་དབྱིབས་ནད་དུག་དེ་སེམས་ཅན་ནས་མི་ལ་འགོས་པའི་ཚོད་དཔག་བྱས་པ་ཧ་ལམ་བདེན་པ་ཡིན་ས་རེད་ཅེས་བཤད། ཡིན་ནའང་ནད་དུག་དེ་སེམས་ཅན་ནས་མི་ལ་ཇི་ལྟར་འགོས་མིན་གསལ་ཁ་མ་བྱུང་། ཝུ་ཧན་གྲོང་ཁྱེར་གྱི་ཤ་ཁྲོམ་ཁག་ཏུ་འཚོང་གི་ཡོད་པའི་སེམས་ཅན་དེ་ཚོར་མུ་མཐུད་དུ་བརྟག་དཔྱད་བྱེད་དགོས་ཀྱི་འདུག སེམས་ཅན་གསོ་ཉར་ཁང་དེ་དག་གི་ལས་མི་ཚོར་སྐད་འདྲི་དགོས་པ་དང་ལས་མི་དེ་དག་གི་ལུས་ན་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཟུངས་ཤུགས་ཡོད་མེད་བརྟག་དཔྱད་བྱེད་དགོས་ཀྱི་འདུག ང་ཚོས་རྒྱ་ནག་གི་བྱི་ཕ་ཝང་གི་ཏོག་དབྱིབས་ནད་དུག་བརྟག་དཔྱད་ཁང་གི་ལས་བྱེད་པ་ཚང་མར་བརྟག་དཔྱད་བྱས་པ་ཡིན། ཁོ་ཚོར་ཏོག་དབྱིབས་ནད་དུག་འགོས་པའི་རྟགས་མཚན་མི་འདུག དེས་ན་རྒྱ་ནག་གི་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཁྱབ་པ་རེད་ཟེར་བ་ནི་ཧ་ལམ་བདེན་པ་མིན་པ་འདྲ་ཞེས་བཀོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱ་ནག་གི་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཁྱབ་ཡོད་མེད་བརྟག་དཔྱད་ཞིབ་ཕྲ་ཞིག་བྱེད་ཐུབ་མ་སོང་། འདི་ལ་མུ་མཐུད་དུ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས་ཞེས་བཤད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པའི་ཁོངས་སུ་ཡོད་པའི་ཉམས་ཞིབ་པ་ཨེམ་བྷ་རེཀ་ཞེས་པ་ཞིག་གིས་ང་ཚོས་ཝུ་ཧན་གྱི་བརྟག་དཔྱད་ཁང་དེར་ཕྱི་ཚུལ་ཙམ་དུ་བརྟག་དཔྱད་བྱས་པ་ཡིན། རྒྱ་ནག་གི་བརྟག་དཔྱད་ཁང་དེར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་པ་ཙམ་ཡིན་པ་དང་དེ་ལ་མུ་མཐུད་དུ་ཞིབ་འཇུག་བྱ་དགོས་ཀྱི་འདུག་ཅེས་བསྟན།།

XS
SM
MD
LG