ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གསར་པའི་དམ་འབུལ།


དམ་འབུལ་མཛད་སྒོ། ༢༠༢༠།༡༠།༢༦
དམ་འབུལ་མཛད་སྒོ། ༢༠༢༠།༡༠།༢༦

ཕོ་བྲང་དཀར་པོའི་ནང་གཟའ་ཟླ་བའི་ཉིན་གྱི་དགོང་མོར་ཨེ་མེ་ ཀོ་ནེ་ བྷར་རེ་ཊི་ལགས་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ལ་བསྐོ་འཇོག་བྱས་པའི་དམ་འབུལ་མཛད་སྒོ་འཚོགས་པ་དང་། ཁོང་ནི་སྲིད་འཛིན་ཌོ་ནལ་ ཊམ་གྱིས་མིང་འདོན་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཨང་གསུམ་པ་དེ་ཆགས་ཡོད།

དམ་འབུལ་མཛད་སྒོ་དེ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཀི་ལེ་རན་སི་ ཐོ་མ་སི་ཡིས་གཙོ་སྐྱོང་གནང་བ་དང་། ད་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་དགུ་ལས་དྲུག་ནི་རྙིང་ཞེན་པ་ཆགས་པ་རེད།

ཁྲིམས་དཔོན་བྷར་རེ་ཊི་ཡིས་དང་ལེན་གྱི་གསུང་བཤད་གནང་སྐབས་སྲིད་འཛིན་དང་གྲོས་ཚོགས་གོང་མའི་ནང་གི་འབྲེལ་ཡོད་འཐུས་མི་ཁག་ལ་ཐུགས་རྗེ་ཆེ་ཞུས་ནས། ཁྲིམས་དཔོན་གྱིས་གྲོས་ཚོགས་དང་སྲིད་འཛིན་གྱི་ཤུགས་རྐྱེན་མི་ཐེབས་པའི་དམ་བཅའ་གསལ་བསྒྲགས་བྱེད་པར་མ་ཟད་སྒེར་གྱི་དད་མོས་སོགས་ལས་ཀྱང་ལོགས་སུ་རང་བཙན་བྱ་དགོས་པ་ཡིན་ཞེས་གསུངས་ཡོད།།

གཟའ་ཟླ་བའི་ཉིན་གྱི་དགོང་ཁར་སྤྱི་མཐུན་ཚོགས་པའི་འཐུས་མི་༥༣ དང་མང་གཙོ་ཚོགས་པའི་འོས་མི་༤༧ ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་དཔོན་བྷར་རེ་ཊི་ཡི་ཐད་འོས་བསྡུ་བྱས་ཏེ་རྒྱབ་སྐྱོར་བྱེད་མཁན་༥༢་དང་། ངོ་རྒོལ་བྱེད་མཁན་༤༨ བྱུང་ནས་ཁྲིམས་དཔོན་ཁོང་ངེས་གཏན་བྱུང་བ་རེད།

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་དག་ལས་མངའ་སྡེ་མཱེན་ནས་ཡིན་པའི་འཐུས་མི་སུ་སན་ ཀོ་ལིན་གྱིས་མང་གཙོ་ཚོགས་པའི་འཐུས་མི་ཚང་མ་དང་མཉམ་དུ་འོས་མི་འདི་ལ་ངོ་རྒོལ་བྱས་པ་དང་། ཁྲིམས་དཔོན་བསྐོ་འཇོག་གི་ཉིན་མོ་ནི་ཨ་རིའི་འོས་བསྡུ་དང་ཐག་ཉེ་དྲག་པ་དེ་རྒྱུ་མཚན་དུ་བགྲངས་པ་རེད།

མང་གཙོ་ཚོགས་པའི་འཐུས་མི་དག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གྱི་གདན་སྟེགས་དེར་གསར་པ་ཞིག་བསྐོ་འཇོག་བྱ་རྒྱུ་ནི་སླེབས་པ་ཉེ་བའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་མཁན་དེ་ལ་སྤྲོད་དགོས་པར་བཤད། ༢༠༡༦ ལོའི་ལོ་སྟོད་དུ་ཨོ་བྷ་མ་སྲིད་འཛིན་ཡིན་པའི་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གྱི་གདན་སྟེགས་ཤིག་སྟོང་ཆ་ལྷག་སྐབས་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཀྱིས་སྲིད་འཛིན་ཨོ་བྷ་མ་ཡིས་མིང་འདོན་བྱས་པའི་ཁྲིམས་དཔོན་དེའི་ཐད་གྲོས་ཚོགས་སུ་བགྲོ་གླེང་གང་ཡང་མ་བྱས་པ་རེད།

ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མི་འགྱངས་པར་བདུན་ཕྲག་རྗེས་མའི་སྲིད་འཛིན་གྱི་འོས་བསྡུ་དང་འབྲེལ་བའི་གནད་དོན་འགའ་ཞིག་གི་ཐད་བགྲོ་གླེང་དང་ཐག་གཅོད་གནང་རྒྱུ་ཡིན་པ་དང་། སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་གཞོན་པ་བྷ་ཌན་གྱི་སྐབས་སུ་བཟོས་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐད་དུའང་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

ད་ལོའི་ཕྱི་ཟླ་དགུ་བའི་ནང་ཁྲིམས་དཔོན་གྷིན་སི་བྷིར་གྷི་གྲོངས་རྗེས་སྲིད་འཛིན་ཊམ་གྱིས་ཁྲིམས་དཔོན་བྷར་རེ་ཊི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ལ་མིང་འདོན་བྱས་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ལ་བསྐོ་གཞག་གནང་ཚེ་མི་ཚེ་གང་བོར་ཁྲིམས་དཔོན་གྱི་གདན་སྟེགས་ཐོབ་པ་དང་། ཁོང་ནི་ད་ལྟ་དགུང་ལོ་༤༨ ལ་སླེབས་པའི་ཁྲིམས་དཔོན་ཞིག་ཡིན་ལ་ཁྲིམས་ལུགས་སློབ་གྲྭ་ཆེན་མོ་ཞིག་གི་ཁྲིམས་ཀྱི་དགེ་རྒན་ཆེན་མོའང་བྱས་མྱོང་མཁན་ཞིག་ཡིན།།

XS
SM
MD
LG