ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་འགོག་ཁབ་ཚད་ལྡན་ཡིན་མིན་ལ་དོགས་སློང་། 


༄༅།། ཨ་མི་རི་ཀའི་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་ཐོན་ནས་སྨན་ཁང་ཁག་ལ་བཀྲམ། དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ནེ་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ཀྱང་འཐོན་ལ་ཉེ། ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཚད་ལྡན་གྱི་འགོག་ཁབ་རྣམས་གསར་བཟོ་བྱས་ནས་རང་གི་མི་དམངས་ལ་རྒྱག་འགོ་ཚུགས། དེར་བརྟེན་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་གནོན་ཤུགས་ཆེན་པོ་ཞིག་ཐེབས། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲན་ཟླ་བྱེད་པར་འགོག་ཁབ་གསར་བཟོ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་ཚོང་འགྲེམ་བྱ་ཐབས་སུ་འབད། རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་འགོག་ཁབ་གསར་བཟོ་བྱས་པ་སྟོན་རྒྱུ་ཡོད་ཀྱང་འགོག་ཁབ་དེ་དག་ཚད་ལྡན་ཡིན་མིན་དང་ཕན་ནུས་ཅི་ཡོད། ཨ་རི་དང་དབྱིན་ཡུལ་སོགས་ཀྱི་འགོག་ཁབ་ལྟར་རྒྱ་ནག་དང་ཨུ་རུ་སུའི་འགོག་ཁབ་དེ་རྣམས་ཚོད་ལྟ་རིམ་པ་གསུམ་བརྒྱུད་ཡོད་མེད་བཅས་པར་དོགས་པ་ཆེན་པོ་ཞིག་ཡོད་ཅིང་། ཨ་རིའི་ཧྥེ་ཛར་དང་མོ་ཌེར་ན། དབྱིན་ཇིའི་ཨེ་སི་ཊ་ར་ཁེ་ནེ་ཁ་སྨན་སྦྱོར་བཟོ་ཚོང་ཁང་གསུམ་གྱིས་བཟོས་པའི་སྨན་ཁབ་དུང་ཕྱུར་མང་པོ་འབྱོར་ལྡན་རྒྱལ་ཁབ་ཁག་གིས་སྔོན་ནས་མངགས་ཉོས་ཟིན་པས་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀ དཀྱིལ་ཤར་ས་ཁུལ་དང་ལྷོ་ཨ་མི་རི་ཀ་བཅས་ཀྱི་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་དབུལ་ཕོངས་རྒྱལ་ཁབ་ཁག་ལ་ཚད་ལྡན་གྱི་འགོག་ཁབ་དེ་རྣམས་སྐབས་ཤིག་གི་རིང་དུ་རེག་ཐབས་མེད་པར་གྱུར། རྒྱ་ནག་གིས་ཨ་རི་དང་དབྱིན་ཇི་སོགས་ཀྱི་འགོག་ཁབ་རེག་གི་མེད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་ཕྱིར་ཚོང་བྱེད་ཆོག་ཅེས་ཁས་ལེན་བྱེད་ཀྱི་ཡོད་པར་མ་ཟད། ཟླ་བ་འདིར་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་བྷ་རེན་གྱིས་རྒྱ་ནག་གི་འགོག་ཁབ་ཉོ་རྒྱུའི་ཐག་བཅད། དེའི་སྔོན་ལ་ཏུར་ཀི་དང་ཨིན་རྡུ་ནེ་ཤི་ཡ། བྷར་ཛིལ་དང་ཕུ་རུ་བཅས་ཀྱི་ནད་པ་ཚོར་རྒྱ་ནག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱས་པ་དང་རྒྱལ་ཁབ་དེ་ཚོར་རྒྱ་ནག་གི་འགོག་ཁབ་ཕྱིར་ཚོང་བྱ་རྒྱུའི་གྲོས་མཐུན་བཞག

ཉམས་ཞིབ་པ་ཚོས་རྒྱ་ནག་གི་འགོག་ཁབ་དེ་མི་གྲངས་ཅི་ཙམ་ལ་བརྒྱབ་ནས་ཚོད་ལྟ་བྱས་ཡོད་མེད། འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་ཅི་ཙམ་ཐོན་ཡོད་མེད་། ཞོར་གནོད་ཆེ་ཆུང་ཅི་ཙམ་ཡོད་མེད་ཀྱི་གཞི་གྲངས་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་ནི་དོགས་པ་བྱ་དགོས་པ་ཞིག་རེད། བྷ་རན་རྒྱལ་ཁབ་གཅིག་པུས་རྒྱ་ནག་གི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༨༦་འདུག་ཅེས་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ་སོང་། རྒྱ་ནག་གཞུང་གིས་མི་གྲངས་ས་ཡ་༡་ལྷག་ལ་འགོག་ཁབ་བརྒྱབ་པ་ཡིན་ཞེས་བསྒྲགས་ཀྱང་པེ་ཅིང་དང་ཧྲང་ཧེ་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་མི་མང་ལ་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱེད་ཐུབ་ཀྱི་མི་འདུག ད་སྔ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་སོགས་རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཚོ་གསར་འགོད་པའི་པར་ཆས་མདུན་དུ་ཐོན་ནས་འགོག་ཁབ་བརྒྱབ་པའི་གནས་ཚུལ་ཐོན་མ་སོང་། རྒྱ་ནག་གི་འགོ་ཁྲིད་ཚོས་རང་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་འགོག་ཁབ་དེ་ཚོར་ཞོར་གནོད་མེད། འགོག་ཁབ་དེ་དག་ལ་ཏོག་དབྱིབས་ནད་དུག་འགོག་བཅོས་བྱེད་ཐུབ་པའི་ཕན་ནུས་ཆེན་པོ་ཡོད་ཅེས་མི་དམངས་ལ་མིག་དཔེ་སྟོན་ཐུབ་ཀྱི་མེད་པ་ནི་རྒྱ་ནག་གི་འགོག་ཁབ་དེ་རྣམས་ཚད་ལྡན་མིན་པའི་རྟགས་མཚན་རེད། ལྷག་པར་དུ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཕྱི་རྒྱལ་གྱི་འགོག་ཁབ་འཐོབ་ཐབས་བྱེད་ཀྱི་ཡོད་པ་དང་གྲོང་ཁྱེར་ཁག་གི་མི་མང་ཚོས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་ལ་དོགས་པ་ཡོད། རྒྱ་ནག་གི་འགོག་ཁབ་གསར་པ་དེ་རྣམས་རྒྱག་རྒྱུ་དེར་སྐྲག་གི་འདུག་ཅེས་གླེང་། ད་ལྟ་རྒྱ་ནག་གཞུང་གིས་བོད་དང་མཐའ་མཚམས་ཀྱི་ས་གནས་ཁག་གི་གྲངས་ཉུང་མི་རིགས། རྒྱ་ནག་གི་གྲོང་གསེབ་ཁག་གི་མི་མང་ལ་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱེད་ཀྱི་འདུག ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ས་ཁུལ་སོགས་ཕྱིའི་རྒྱལ་ཁབ་ཁག་གི་འཛུགས་སྐྲུན་ལས་གྲྭ་ཁག་ཏུ་ངལ་རྩོལ་རྒྱུག་གི་ཡོད་པའི་རྒྱ་ནག་གི་ལས་མི་ཚོར་འགོག་ཁབ་བརྒྱབ་ཀྱང་ཕན་ཐོགས་མ་བྱུང་བར་ཏོག་དབྱིབས་ནད་དུག་འཕོག་གི་ཡོད་པའི་གནས་ཚུལ་མང་པོ་ཐོན་འདུག་ཅེས་བཤད།།

ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་གྲོང་ཁྱེར་འཇི་ཎི་ཝྭའི་གོ་ལའི་འཕྲོད་བསྟེན་ཞིབ་འཇུག་ལྟེ་གནས་ཁང་གི་ཟུང་འབྲེལ་འགན་འཛིན་སཱུ་རི་མུན་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེའི་ཞིབ་ཕྲའི་གནས་ཚུལ་དང་མི་ལ་འགོག་ཁབ་བརྒྱབ་ནས་གྲུབ་འབྲས་ཅི་བྱུང་། རྒྱ་ནག་གི་འགོག་ཁབ་དེ་དགོས་ངེས་ཀྱི་ཚོད་ལྟ་རིམ་པ་གསུམ་བརྒྱུད་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཕྱིར་བསྒྲགས་བྱས་མ་སོང་། རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་སླ་བཅོས་བྱས་པ་དེར་ཕུགས་སུ་གནོད་འཚེ་ཆེན་པོ་ཞིག་འབྱུང་སྲིད་པའི་དོགས་པ་བྱེད་ཀྱི་འདུག ངས་བལྟས་ན་རྒྱ་ནག་གིས་སླ་བཅོས་བྱས་པ་དེར་ནོར་འཁྲུལ་ཚབས་ཆེན་ཞིག་འབྱུང་ས་རེད་ཅེས་བཤད། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གཞིས་ཚུགས་པའི་ཁེ་ཧྥེང་མ་རྩ་འཛུགས་འཇོག་བཟོ་ཚོང་ཁང་གི་ཉམས་ཞིབ་པ་ཀྲང་ཐུང་ཞེས་པ་ཞིག་གིས་གསར་འགོད་པར་འགོག་ཁབ་ཚད་ལྡན་རྣམས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཉོས་ཟིན་པ་རེད། ཨེ་ཤི་ཡ་དང་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག ཨ་ཧྥི་རི་ཀ་སོགས་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་ཚད་ལྡན་གྱི་འགོག་ཁབ་རྣམས་འཐོབ་དཀའ། དེས་ན་རྒྱལ་ཁབ་དེ་དག་གིས་ཚད་ལྡན་ཡིན་མིན་ལ་དོགས་པ་ཡོད་པའི་འགོག་ཁབ་རྣམས་མངགས་ཉོ་མི་བྱེད་ཐབས་མེད་བྱུང་འདུག འཛམ་གླིང་གི་རྒྱལ་ཁབ་ཡོད་དོ་ཅོག་ལ་ཏོག་དབྱིབས་རིམས་ནད་འགོག་བཅོས་བྱ་དགོས་པའི་ཛ་དྲག་གི་དཀའ་ངལ་ཡོད་པ་གཅིག་མཚུངས་རེད་ཅེས་བཤད། རྒྱ་ནག་གཞུང་གིས་འགོག་ཁབ་མ་འདྲ་བ་བཞི་རྒྱལ་སྤྱིའི་ཐོག་ཏུ་ཕྱིར་ཚོང་བྱེད་ཆོག་ཅེས་ཁས་ལེན་བྱེད་ཀྱི་ཡོད་ཀྱང་འབྱོར་ལྡན་རྒྱལ་ཁབ་གཅིག་གིས་ཀྱང་རྒྱ་ནག་གི་འགོག་ཁབ་མངགས་ཉོ་བྱེད་ཀྱི་མེད་ཅིང་། ཚན་རིག་པ་མང་པོ་ཞིག་ལ་རྒྱ་ནག་གི་འགོག་ཁབ་དེ་རྣམས་སླ་བཅོས་བྱས་ནས་བཟོས་ཡོད་པའི་དོགས་པོ་ཆེན་པོ་ཡོད་པ་རེད།།

འབར་མའི་སྲང་ལམ་དུ་༢༠༢༠།༡༢།༧ ཉིན།
འབར་མའི་སྲང་ལམ་དུ་༢༠༢༠།༡༢།༧ ཉིན།

རྒྱ་ནག་གི་འགོག་ཁབ་ཕྱིར་ཚོང་བྱ་ཡུལ་ཁག་གཙོ་བོ་ཞིག་ནི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འབར་མ་དང་ཁེམ་བྷོ་ཌི་ཡ། ཝྭི་ཏེ་ནམ། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན། བལ་ཡུལ་སོགས་ཡིན་རུང་བདུན་ཕྲག་སྔོན་མར་ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོའི་གཏམ་བཤད་ཅིག་བྱས་ཤིང་། ཁོང་གིས་ཁེམ་བྷོ་ཌི་ཡ་རྒྱ་ནག་གི་འགོག་ཁབ་ཚོད་ལྟ་བྱ་ཡུལ་དང་གད་སྙིགས་འཕེན་སའི་ཟོམ་སྣོད་ཅིག་མིན། ང་ཚོར་འགོག་ཁབ་རིམ་པ་དང་པོ་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་ནས་འབྱོར་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆོག་མཆན་བཀོད་པའི་འགོག་ཁབ་འབའ་ཞིག་ལ་ཁེམ་བྷོ་ཎི་ཡས་ཡིད་ཆེས་བྱེད་ཐུབ་ཅེས་བཤད། ཨིན་རྡུ་ནེ་ཞི་ཡས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་མངགས་ཉོ་བྱས་ཏེ་སྨན་ཁབ་༡༢༠༠༠༠༠་འབྱོར་ཟིན། ཧྥི་ལི་ཕིན་གྱིས་ཀྱང་རྒྱ་ནག་གི་འགོག་ཁབ་༢༥༠༠༠༠༠༠་ཉོ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་འགོག་ཁབ་ཚོད་ལྟ་བྱ་ཡུལ་གཞན་ཞིག་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕུ་རུ་ཡིན་ཞིང་། ཉེ་ཆར་རྒྱ་ནག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱ་ཡུལ་ཕུ་རུའི་མི་ཞིག་གི་རྐང་པར་ཤུགས་མེད་པར་གྱུར་པ་དང་ནད་རྟགས་གཞན་པ་འགའ་ཞིག་ཐོན་པས་ཕུ་རུའི་གཞུང་གིས་རྒྱ་ནག་གི་འགོག་ཁབ་རྒྱག་རྒྱུ་མཚམས་བཞག བདུན་ཕྲག་སྔོན་མར་ཕུ་རུའི་གཞུང་གིས་དང་བླངས་པ་ཁག་ཅིག་ལ་སླར་ཡང་རྒྱ་ནག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱ་རྒྱུ་འཕྲོ་སྐྱོང་བྱེད་ཆོག་ཅེས་བསྒྲགས། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་གིས་ཕུ་རུ་བ་༡༢༠༠༠་ལ་འགོག་ཁབ་བརྒྱབ་ནས་ཚོད་ལྟ་རིམ་པ་དང་པོ་མཇུག་བསྒྲིལ་སོང་ཟེར། ད་ལྟའི་བར་དུ་ཕུ་རུ་རྒྱལ་ཡོངས་སུ་མི་༩༨༠༠༠༠་ལྷག་ནད་དུག་འགོས་པ་དང་མི་༣༦༠༠༠་ལྷག་ལ་འཆི་སྐྱོན་བྱུང་འདུག

ཕུ་རུའི་ནང་ཏོག་ནད་འགོག་སྲུང་།
ཕུ་རུའི་ནང་ཏོག་ནད་འགོག་སྲུང་།

ཕུ་རུའི་འཕྲོ་ནས་རྒྱ་ནག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱ་ཡུལ་གཙོ་བོ་ཞིག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ཡིན་ཞིང་། ད་ལྟའི་བར་དུ་བྷར་ཛིལ་རྒྱལ་ཁབ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༧༡༠༠༠༠༠་ལྷག་བྱུང་བ་དང་མི་༡༨༥༠༠༠་ལྷག་ལ་འཆི་སྐྱོན་བྱུང་། བྷར་ཛིལ་རྒྱལ་ཁབ་ལ་ཛ་དྲག་གི་འགོག་ཁབ་ཅིག་དགོས་ངེས་སུ་གྱུར་ཡོད་པས་ནད་པ་ཚབས་ཆེན་ཚོར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་འགོ་ཚུགས། ཟླ་བ་སྔོན་མར་རྒྱ་ནག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱ་ཡུལ་བྷར་ཛིལ་གྱི་ན་གཞོན་ཞིག་ལ་འཆི་སྐྱོན་བྱུང་། དེ་ནས་བྷར་ཛིལ་གཞུང་གིས་རྒྱ་ནག་གི་འགོག་ཁབ་རྒྱག་རྒྱུ་མཚམས་བཞག རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་གིས་བྷར་ཛིལ་གྱི་ནད་པ་ཚོར་འགོག་ཁབ་བརྒྱབ་ནས་ཚོད་ལྟ་རིམ་པ་གསུམ་པ་གྲུབ་གྲབས་ཡོད། ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་བྷར་ཛིལ་གྱི་ནད་པ་ཚོར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་བརྒྱབ་སྟེ་ཚོད་ལྟ་བྱས་པའི་གྲུབ་འབྲས་རྣམས་ཕྱིར་བསྒྲགས་བྱ་འཆར་ཡོད་ཅེས་བསྒྲགས། བདུན་ཕྲག་སྔོན་མ་ནས་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ་དང་འཕྲོད་བསྟེན་བློན་ཆེན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་འགོག་ཁབ་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཕྱི་གསལ་ནང་གསལ་མི་འདུག རྒྱ་ནག་གི་འགོག་ཁབ་དེ་ཚད་ལྡན་ཡིན་མིན་ཐེ་ཚོམ་ཡིན་པས་ཕྱི་ཟླ་དང་པོ་ནས་མང་ཚོགས་ལ་འགོག་ཁབ་རྒྱག་རྒྱུ་འགོ་འཛུགས་ཐུབ་ས་མ་རེད། རྒྱ་ནག་གི་འགོག་ཁབ་དེའི་འབྱུང་ཁུངས་ཀྱང་ཡིད་རྟོན་རུང་བ་ཞིག་ཡིན་མིན་དོགས་པ་ཡོད་ཅེས་བཤད། བྷར་ཛིལ་གྱི་ནད་རིགས་བརྟག་དཔྱད་དང་སྔོན་འགོག་ཁང་གི་ལས་སྣེ་ཚོས་རྒྱ་ནག་གི་འགོག་ཁབ་དེ་རྒྱ་ནག་གི་རང་གི་མི་མང་ཁག་ཅིག་ལ་བརྒྱབ་ཡོད་སྐད། ཡིན་ནའང་མི་མང་དེ་ཚོར་འགོག་ཁབ་བརྒྱབ་ནས་ཕན་གནོད་ཅི་བྱུང་གི་གནས་ཚུལ་གསལ་པོ་ཞིག་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་མ་སོང་། ང་ཚོར་རྒྱ་ནག་གི་འགོག་ཁབ་དེར་དོགས་པ་ཆེན་པོ་ཞིག་ཡོང་གི་འདུག་ཅེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG