ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

ཝ་གྷི་ནཱར་གྱེན་ལོག་གིས་ཞི་ཅིན་ཕིང་ལ་བརྡ་ག་རེ་བཏང་ཡོད་དམ།


ཉེ་ལམ་ཝ་གྷི་ནཱར་གླས་དམག་ཚོགས་པས་གྱེན་ལོག་ལངས་པ་དེས་ཨུ་རུ་སུའི་མནའ་གྲོགས་ཆེ་ཤོས་རྒྱ་ནག་ལ་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་པ་དང་། གལ་སྲིད་གྱེན་ལོག་དེ་རྒྱ་ནག་ཏུ་ལངས་པ་ཡིན་ན་ཞི་ཅིན་ཕིང་གིས་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་མིན་དང་། རྒྱ་ནག་ལ་ཝ་གྷི་ནཱར་གླས་དམག་ཚོགས་པ་ལྟ་བུའི་དམག་མི་ཡོད་མེད། དེ་བཞིན་ཞི་ཅིན་ཕིང་གིས་ཐེ་ཝན་ཐོག་དམག་བརྒྱབ་མིན་སོགས་ཀྱི་གནད་དོན་མང་པོ་ཞིག་དང་འབྲེལ་ནས་མི་ཚོས་གླེང་སློང་མང་པོ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་གྱེན་ལོག་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ཞི་ཅིན་ཕིང་ལ་མཚོན་ན་གནས་སྟགས་དེ་འདྲར་ཐུག་དུས་ཇི་ལྟར་གདོང་ལེན་བྱེད་དགོས་མིན་ཐད་སློབ་སྦྱོང་གསར་པ་རག་ཡོད་སྲིད་པ་རེད་འདུག

གྱེན་ལོག་གི་དོན་རྐྱེན་བྱུང་མ་ཐག་ཕུ་ཊིང་གིས་ཞི་ཅིན་ཕིང་ལ་ཁ་པར་མི་བཏང་དོན་ཅི།

གླས་དམག་ཚོགས་པའི་འགོ་ཁྲིད་པཱ་རི་གྷོ་ཞིན་གྱིས་མོ་སི་ཁོ་ལ་དཔུང་འཇུག་བྱ་རྒྱུའི་གསལ་བསྒྲགས་བྱས་མ་ཐག ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་གིས་ལམ་སེང་བྷེ་ལ་རུ་སིའི་སྲིད་འཛིན་ཀླུ་ཁ་ཞིན་ཁོ་དང་། ཏུར་ཀིའི་སྲིད་འཛིན་ཨེར་ཏོ་ཀན། ཨེ་ཤེ་ཡའི་དཀྱིལ་ཁུལ་གྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ལ་ཁ་པར་བཏང་ཡོད་ཀྱང་སྐབས་དེར་ཞི་ཅིན་ཕིང་ལ་ཁ་པར་བཏང་མེད་པ་རེད། རྒྱུ་མཚན་ནི་རྒྱ་ནག་གིས་དེའི་ཐད་རོགས་པ་བྱེད་མི་ཐུབ་པ་དེ་ཁོས་ཤེས་ཡོད་པ་རེད། རྒྱ་ནག་གིས་ཀྱང་གནས་སྟངས་དེ་ག་འདྲ་ཆགས་རྒྱུ་ཡིན་མིན་གསལ་པོ་ཤེས་རྟོགས་བྱུང་ཐུབ་མེད་སྟབས་ཕུ་ཊིང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཁག་པོ་ཆགས་ཡོད། གྱེན་ལོག་བྱུང་བའི་རྗེས་སུ་ཕུ་ཊིང་གིས་ཨུ་རུ་སུའི་ཕྱི་སྲིད་དཔོན་པོ་གཞོན་པ་པེ་ཅིང་དུ་མངགས་གཏོང་བྱས་ཡོད་ཅིང་། དེ་ནི་ཕུ་ཊིང་གི་སྲིད་དབང་བརྟན་པོ་ཡིན་ཚུལ་དང་རྒྱ་ནག་གིས་ཕུ་ཊིང་ལ་རྒྱབ་སྐྱོར་ཡོང་ཐབས་ཆེད་དུ་ཡིན་སྲིད་པ་རེད། རྒྱ་ནག་གི་རྒྱབ་སྐྱོར་དེ་ཕུ་ཊིང་ལ་མཚོན་ན་གལ་འགངས་ཆེན་པོ་ཆགས་ཡོད་མོད། འོན་ཀྱང་ད་ལན་ཨུ་རུ་སུ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ནི་ཕུག་རྒྱང་རིང་བའི་ཐབས་ཇུས་ཐོག་གི་གྲོགས་པོ་ཡིན་པ་ལས་གློ་བུར་དུ་སྲིད་དབང་ལ་ཉེན་ཁ་འཕྲད་དུས་ཕན་ཚུན་རོགས་རེས་བྱེད་པའི་འབྲེལ་ལམ་ཞིག་མ་ཡིན་པ་དེ་གསལ་པོ་མངོན་ཡོད་པ་རེད། རྒྱ་ནག་གིས་རོགས་མི་བྱ་རྒྱུ་དེ་ཕུ་ཊིང་གིས་ཀྱང་ཚོར་ཐུབ་ཀྱི་ཡོད་པ་རེད།

རྒྱ་ནག་དམག་དཔུང་གིས་དྲག་པོའི་གྱེན་ལོག་ལངས་སྲིད་དམ།

ཝ་གྷི་ནཱར་གླས་དམག་གི་གྱེན་ལོག་དེས་ཞི་ཅིན་ཕིང་གིས་ཐེ་ཝན་ལ་དྲག་པོས་དབང་བསྒྱུར་བྱེད་བསམ་པའི་བསམ་བློ་ལ་འགྱུར་ལྡོག་བཏང་ཐུབ་མི་སྲིད། རྒྱུ་མཚན་ནི་ད་རེས་ཀྱི་གྱེན་ལོག་དེ་ནི་ཨུ་རུ་སུའི་སྒེར་གྱིས་དྲག་ཆས་དམག་དཔུང་གིས་ལངས་པའི་ཟིང་འཁྲུག་ཅིག་ལས། ཨུ་རུ་སུའི་གཞུང་གི་དམག་དཔུང་གིས་ལངས་པ་ཞིག་མ་རེད། འཛམ་གླིང་ཐོག་གཞུང་གི་དམག་དཔུང་གིས་གྱེན་ལོག་ལངས་པ་ཧ་ལས་པ་མཐོང་དཀོན་པོ་རེད། མང་ཆེ་བ་ཧྥེ་གླིང་དང་ལ་ཐིང་མེ་གླིང་གི་རྒྱལ་ཁབ་ཆུང་གྲས་འགའ་ཤས་ནང་གཞུང་དམག་གི་གྱེན་ལོག་བྱུང་མྱོང་བ་ལས་རྒྱལ་ཁབ་ཆེན་པོ་ཚོའི་ནང་ད་ཕན་བྱུང་མྱོང་མེད་པ་དང་། རྒྱ་ནག་ལ་ཆ་མཚོན་ན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཅེས་པ་དེ་ནི་དམར་ཤོག་ཚོགས་པས་སྟངས་འཛིན་ནན་མོ་འོག་ཚུད་ཡོད་པ་ཞིག་ཡིན་པར་མ་ཟད། ལྷག་པར་དུ་ཞི་ཅིན་ཕིང་གིས་གཅིད་སྡུད་ཀྱི་དབང་ཆ་བེད་སྤྱོད་ཀྱིས་དམག་དཔུང་ལ་སྟངས་འཛིན་བྱེད་ཤུགས་དེ་ནི་ཕུ་ཏིང་དང་། ཅང་ཙེ་མིང་དང་ཧུའུ་ཅིན་ཐའོ་སོགས་ཀྱི་ཚད་ལས་ཀྱང་བརྒལ་ཡོད་པ་རེད། གཞན་ཡང་རྒྱ་ནག་གི་བཅིངས་གྲོལ་དམག་དཔུང་ཞེས་པ་དེ་ལ་གྱེན་ལོག་བརྒྱབ་མྱོང་བའི་ལམ་སྲོལ་མེད། ལོ་རྒྱུས་ཐོག་གྱེན་ལོག་བརྒྱབ་མྱོང་མེད་མཁན་ཞིག་གིས་གཞུང་ལ་གྱེན་ལོག་དང་ནང་ཟིང་ལངས་རྒྱུ་དེ་ཧ་ལས་པ་དཀོན་པོ་ཡིན་པ་རེད།

ཝ་གྷི་ནཱར་གྱེན་ལོག་གིས་ཞི་ཅིན་ཕིང་གིས་ཐེ་ཝན་དབང་སྒྱུར་བྱ་འདོད་ཀྱི་ཧམ་སེམས་ལ་གཡོ་འགུལ་ཐེབས་མི་ཐུབ།

ད་རེས་ཝ་གྷི་ནཱར་གླས་དམག་ཚོགས་པས་གྱེན་ལོག་ལངས་པ་དེས་ཞི་ཅིན་ཕིང་གིས་ཐེ་ཝན་དེ་དྲག་པོའི་དབང་སྒྱུར་བྱ་རྒྱུའི་འཆར་གཞི་ལ་འགྱུར་ལྡོག་བཏང་ཐུབ་མེད་ཀྱང་། ཞི་ཅིན་ཕིང་གིས་གྱེན་ལོག་དེའི་ཁྲོད་ཀྱི་བསླབ་བྱ་བླངས་ནས། རྒྱ་ནག་ནང་ཁུལ་གྱི་ཁ་གཏད་ཕྱོགས་ཁག་དང་དམག་དཔུང་ནང་ཡིད་ཆེས་བློ་འགེལ་བྱེད་མི་རུང་བ་དེ་དག་གཙང་སེལ་བཟོ་རྒྱུ་དང་། ཐེ་ཝན་ཐོག་འཛིན་པའི་འཆར་གཞི་དེ་ཞིབ་ཚགས་པོ་དང་བརྟན་པོ་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་རེད་འདུག

གོང་འཁོད་རྩོམ་ཐུང་འདི་ནི་རྩོམ་པ་པོ་ཏན་ཡུས་ཝེན་གྱིས་བྲིས་པའི་དཔྱད་རྩོམ་ཞིག་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་ཡོད་པ་ལས་དེས་ཨ་རིའི་རླུང་འཕྲིན་ཁང་གི་ལྟ་བ་མཚོན་མི་ཐུབ།

XS
SM
MD
LG