ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིས་ཨུ་རུ་སུ་ལ་ཉེས་ཆད་གཅོད་ཐབས་ཅི་ཡོད། 


༄༅།། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་རྒྱུའི་ཉེན་ཁ་ཆེ་རུ་སོང་། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། དངུལ་རྩ་དང་ཕྱི་འབྲེལ། ཆབ་སྲིད་དང་དམག་དོན་སོགས་ཕྱོགས་གང་ཐད་དུ་ལན་པ་ནན་པོ་བསློགས་ནས་མཇུག་འབྲས་ཚབས་ཆེན་ཞིག་མྱོང་ངེས་ཡིན་ཞེས་ཉེན་བརྡ་བཏང་རུང་དོན་དངོས་སུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་སྔོན་ཆད་བྱུང་མྱོང་མེད་པའི་ཉེས་ཆད་གང་འདྲ་ཞིག་གཅོད་རྒྱུ་ཡིན་མིན་གྱི་གནས་ཚུལ་ཞིབ་ཕྲ་ཞིག་གསལ་བཀྲོལ་མ་བྱུང་། ཕྱི་ཟླ་༡་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་ཨུ་རུ་སུ་ལ་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཨ་སྒོར་བཀོལ་སྤྱོད་བྱེད་དུ་མི་འཇུག་པ་དང་ཕུ་ཊིན་གྱི་སྙིང་ཉེ་བཟའ་ཟླ་གྲོགས་པོ་སོགས་ལ་རྒྱལ་སྤྱིའི་དངུལ་ཁང་ཁག་བརྒྱུད་ནས་དངུལ་སྒོར་གཏོང་ལེན་བྱེད་དུ་མི་འཇུག་པའི་བཀག་སྡོམ་བྱ་རྒྱུ་དང་ཨུ་རུ་སུ་ལ་དངོས་ཟོག་ཕྱིར་ཚོང་མི་བྱེད་པ། ཨུ་རུ་སུའི་གཞུང་གིས་བཀྲམ་པའི་བུན་འཛིན་རྣམས་ཉོ་རྒྱུ་མིན་པ། ཨུ་རུ་སུ་ནས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་བར་དུ་རང་བྱུང་སོལ་རླངས་འདྲེན་གཏོང་གི་མཚོ་འོག་ལྕགས་སྦུག་འཐེན་གྱི་ཡོད་པ་འགོག་དགོས་པ་སོགས་ཉེས་ཆད་ཁག་ཅིག་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་བདུན་ཕྲག་འགའ་ཞིག་ལ་གྲོས་སྡུར་བྱས་ཀྱང་ཨུ་རུ་སུ་ལ་ཐུན་མོང་གིས་ཉེས་ཆད་ཅི་ཞིག་གཅོད་རྒྱུ་ཡིན་མིན། གལ་སྲིད་ཨུ་རུ་སུའི་དམག་གིས་དངོས་སུ་ཡུཀ་རེན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཨུ་རུ་སུ་ལ་འཐབ་རྒོལ་བྱ་རྒྱུ་ཡིན་མིན། ཁོ་ཚོས་ཨུ་རུ་སུ་ལ་འཐབ་རྒོལ་བྱེད་ན་རྒྱ་ཆེ་ཆུང་གང་འདྲ་ཞིག་བྱ་རྒྱུའི་འཆར་གཞི་རྣམས་ཕྱིར་བསྒྲགས་བྱས་མེད་པ་རེད།།

ཨ་རི་དང་ཨུ་རུ་སུའི་དངུལ་སྒོར།
ཨ་རི་དང་ཨུ་རུ་སུའི་དངུལ་སྒོར།

མཉམ་འབྲེལ་གསར་ཁང་གིས་ཨ་མི་རི་ཀ་དང་ཡུ་རོབ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གདམ་ཀ་ཅི་ཞིག་ཡོད་མེད་གནས་ཚུལ་སྤེལ་བར་གཞིགས་ཚེ། རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཨུ་རུ་སུ་ཕྱིར་འབུད་བྱས་ཏེ་དངུལ་སྒོར་གཏོང་ལེན་བྱེད་དུ་འཇུག་རྒྱུ་མིན་པ་ནི་ཉེས་ཆད་ཆེས་ལྕི་ཤོས་སུ་སྣང་། ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱེད་ན་འཕྲལ་ཕུགས་གཉིས་སུ་ཨུ་རུ་སུའི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་འཕོག་རྒྱུ་ཉག་གཅིག་ཡིན། ཅིའི་ཕྱིར་ཞེ་ན་ཨུ་རུ་སུའི་དཔལ་འབྱོར་ཡོང་འབབ་བརྒྱ་ཆ་༤༠་ལྷག་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་བཙོངས་པའི་རིན་འབབ་ཡིན་ཞིང་། ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱེད་ན་རྡོ་སྣུམ་དང་སོལ་རླངས་ཕྱིར་ཚོང་གི་རིན་འབབ་བསྡུ་ལེན་མི་ཐུབ་པར་འགྱུར། སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱེད་ན་དེ་ནི་ཨུ་རུ་སུ་ལ་དམག་འཁྲུག་བརྒྱབ་པ་དང་ཁྱད་པར་མེད་ཅེས་སྡིགས་ར་བསྐུལ། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁི་རི་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱ་རྒྱུའི་གྲོས་སྡུར་བྱས་ཀྱང་དོན་འཁྱོལ་མ་བྱུང་། དེ་ནས་བཟུང་སྟེ་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུའི་དངུལ་སྒོར་གཏོང་ལེན་ལམ་ལུགས་ཤིག་གསར་འཛུགས་བྱ་ཐབས་སུ་འབད་ཀྱང་གྲུབ་འབྲས་ཆེན་པོ་ཞིག་མ་ཐོན། དེ་སྔ་ཨ་མི་རི་ཀས་སྐུལ་ལྕག་བཏང་ནས་ཨི་རན་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱས་ཏེ་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དཀའ་ངལ་ཆེན་པོ་འཕྲད། ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱེད་ན་ཨ་མི་རི་ཀ་དང་འཇར་མན་ཎི་སོགས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་འདུག

ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པ།
ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པ།

བདུན་ཕྲག་སྔོན་མར་གསར་འགོད་པ་ཚོས་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་ལ་ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱེད་ན་གང་འདྲ་འདུག་ཅེས་དྲིས། འཇར་མན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཉེས་པ་ཆེས་ཤིན་ཏུ་དྲག་པོ་ནི་མཐའ་མཇུག་ཐབས་ཇུས་ཆེས་ཤིན་ཏུ་མཁས་པོ་དེར་འགྱུར་རྒྱུའི་ངེས་པ་མེད་ཅེས་ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱ་རྒྱུ་དེར་མོས་མཐུན་མེད་པའི་རྣམ་འགྱུར་བསྟན། དེང་སྐབས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པ་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་དམག་གཏོང་བ། ཨ་མི་རི་ཀས་ཤར་ཡུ་རོབ་ལ་དམག་མི་༨༥༠༠་གཏོང་གི་ཡོད་ཀྱང་འཇར་མན་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་དམག་དཔུང་གཏོང་རྒྱུ་མིན། འཇར་མན་ཎིས་བཟོས་པའི་མཚོན་ཆ་རྣམས་ཡུཀ་རེན་ལ་རོགས་རམ་སྤྲོད་མི་ཆོག གལ་སྲིད་ཨུ་རུ་སུའི་དམག་བརྒྱབ་ནས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་འཇར་མན་གཞུང་གིས་ཡུཀ་རེན་ལ་སྨན་དང་སྨན་བཅོས་ཀྱི་མཐུན་རྐྱེན་རོགས་རམ་སྤྲོད་ཆོག་ཅེས་བསྒྲགས། དེ་བཞིན་བདུན་ཕྲག་སྔོན་མར་དབྱིན་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲད་པ་རྣམས་འཇར་མན་ཎིའི་མཁའ་དབྱིངས་བརྒྱུད་ནས་སྐྱེལ་འདྲེན་བྱེད་དུ་མ་བཅུག་པ། ཧྥ་རན་སིའི་གཞུང་གིས་ཀྱང་ཡུཀ་རེན་གྱི་གནད་དོན་དེར་ཡུ་རོབ་མཉམ་འབྲེལ་དང་ཨུ་རུ་སུ་གཉིས་ཀྱིས་གྲོས་མོལ་བྱ་དགོས། ཨ་མི་རི་ཀས་ཡུཀ་རེན་གྱི་དོན་དུ་ཨུ་རུ་སུ་ལ་གྲོས་མོལ་བྱས་ན་དགེ་མཚན་མི་འདུག་ཅེས་ལངས་ཕྱོགས་ཐ་དད་ཅིག་བཟུང་། ལུ་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་དང་ཕོ་ལན་ཌི། རོ་མ་ཎི་ཡ་དང་བྷལ་གྷེ་རི་ཡ། སུད་ཌེན་དང་ཧྥིན་ལན་ཌི་སོགས་ཤར་ཡུ་རོབ་དང་ཨུ་རུ་སུའི་མཐའ་མཚམས་ཀྱི་རྒྱལ་ཁབ་ཁག་ཨ་མི་རི་ཀའི་ཕྱོགས་སུ་བརྟན་པོར་ལངས་ཀྱང་འཇར་མན་ཎི་དང་ཧྥ་རན་སོགས་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་ལངས་ཕྱོགས་གཅིག་གྱུར་མིན་པའི་གནས་ཚུལ་ཐོན།།

ཨ་མི་རི་ཀས་དམག་མ་བརྒྱབ་པར་ཨུ་རུ་སུ་ལ་གནོན་ཤུགས་ཆེན་པོ་སྤྲོད་ཐུབ་པའི་ལག་ཆ་མཐུ་ནུས་ཅན་ཞིག་ཡོད་པ་ནི་ཨ་སྒོར་ཡིན་ཞིང་། ཨ་མི་རི་ཀས་ཨུ་རུ་སུ་ལ་ཨ་སྒོར་བཀོལ་སྤྱོད་བྱེད་དུ་མ་བཅུག་ན་ཚོང་ལས་དང་དངུལ་སྒོར་གཏོང་ལེན་སོགས་ལས་དོན་མཐའ་དག་འགག་པར་འགྱུར། ད་དུང་ཡང་ཨ་སྒོར་ནི་འཛམ་གླིང་གི་ཉིན་རེའི་ཚོང་ལས་སྐབས་སུ་སྤྲོད་ལེན་བྱེད་ཀྱི་ཡོད་པའི་དངུལ་སྒོར་གཙོ་བོ་ཡིན་པར་མ་ཟད། ཨུ་རུ་སུའི་གཞུང་གིས་ཚོང་ལས་གཉེར་གྱི་ཡོད་པའི་དངུལ་སྒོར་བརྒྱ་ཆ་མང་ཆེ་བ་ཨ་སྒོར་སྤྲོད་ལེན་བྱ་དགོས། ཨ་སྒོར་དེ་རྣམས་ཨ་མི་རི་ཀའི་དབུས་བཀར་འཇུག་དངུལ་ཁང་གིས་ཆོག་མཆན་བཀོད་ནས་འགྲེམ་སྤེལ་དང་བཀོལ་སྤྱོད་བྱེད་དུ་འཇུག་དགོས། ཨ་མི་རི་ཀས་སུ་ཏན་དང་ཨི་རན་གཉིས་ལ་ཨ་སྒོར་བཀོལ་སྤྱོད་བྱེད་དུ་མ་བཅུག་པར་རྒྱལ་ཁབ་དེ་དག་ལ་གནོན་ཤུགས་ཆེན་པོ་ཐེབས། ཨུ་རུ་སུ་རྒྱལ་སྤྱིའི་དངུལ་སྒོར་གཏོང་ལེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འབུད་བྱེད་པར་ཚོགས་འཐུས་རྒྱལ་ཁབ་ཁག་གིས་མོས་མཐུན་བྱེད་དགོས་ཀྱང་ཨ་སྒོར་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་མིན་ནི་རྒྱལ་ཁབ་གཞན་ལ་བསྟུན་མི་དགོས་པར་ཨ་མི་རི་ཀ་གཅིག་པུས་ཐག་གཅོད་བྱེད་ཆོག དེས་ན་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུ་ལ་ཨ་སྒོར་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་མིན་པའི་ཐབས་ཇུས་དེར་བསམ་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར། ཨ་སྒོར་བཀག་པའི་རྗེས་སུ་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཕལ་མོ་ཆེས་ཚོང་ལས་ཆེ་ཁག་ནས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པ་ཚོར་གླ་ཕོགས་སྤྲོད་མི་ཐུབ་པ། ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་དངུལ་ཁང་ཁག་ནས་ཨ་སྒོར་ལེན་མི་ཐུབ་པར་ཚོང་ལས་རྣམས་ཡོངས་སུ་འགག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇཱེན་ས་ཀིས་ཨ་མི་རི་ཀས་ཨུ་རུ་སུ་ལ་དམག་འཐབ་གནམ་གྲུ་དང་འགྲུལ་སྐྱེལ་གནམ་གྲུ། ལག་ཐོགས་ཁ་པར་དང་གློག་ཀླད་རིགས་སྣ་ཚོགས་ཀྱི་ཡར་ཐོན་མཉེན་ཆས། དེང་རབས་ཀྱི་འཛམ་གླིང་འདིར་ཁ་འབྲལ་ཐབས་མེད་པའི་གློག་ཆས་ཀྱི་ལྷུ་ལག་ཆིབ་ལེབ་རྩ་ཆེན་རྣམས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་འགོག་དགོས་པའི་བསམ་ཞིབ་བྱེད་བཞིན་ཡོད། ཨ་མི་རི་ཀས་འཛམ་གླིང་གི་འཕྲུལ་རིག་ལག་རྩལ་དང་མཉེན་ཆས། གློག་ཆས་ཕལ་མོ་ཆེའི་ལྷུ་ལག་རྩ་ཆེན་རྣམས་བཟོ་སྐྲུན་བྱེད་ཀྱི་ཡོད་པས་ཀུ་པ་དང་ཨི་རན། བྱང་ཀོ་རི་ཡ་དང་སི་རི་ཡ་བཅས་ལ་ཨ་མི་རི་ཀའི་དངོས་ཟོག་དེ་རྣམས་ཕྱིར་ཚོང་བྱེད་ཀྱི་མེད། ད་ལྟ་ཨ་མི་རི་ཀས་ཨུ་རུ་སུ་ཡང་དངོས་ཟོག་དེ་རྣམས་ཕྱིར་ཚོང་བྱ་རྒྱུ་འགོག་དགོས་པའི་ཐོ་གཞུང་དུ་འགོད་སྲིད་ཅེས་བརྡ་ཞིག་བཏང་འདུག ཨ་མི་རི་ཀས་ཨུ་རུ་སུ་ལ་དངོས་ཟོག་དེ་རྣམས་ཕྱིར་ཚོང་བྱ་རྒྱུ་བཀག་ན་ཨུ་རུ་སུའི་རྒྱལ་སྲུང་བཟོ་ལས་དང་མཁའ་ལམ་སྐྱེལ་འདྲེན་གྱི་བཟོ་ལས་གཉིས་ལ་འགོག་རྐྱེན་ཆེན་པོ་བཟོ་ཐུབ། ཨ་མི་རི་ཀའི་གཞུང་གིས་རང་གི་དངུལ་ཁང་ཁག་ལ་ཨུ་རུ་སུའི་བུན་འཛིན་ཉོ་རུ་མི་འཇུག་པ་དང་ཨུ་རུ་སུའི་གཞུང་གིས་བུན་འཛིན་བཀྲམ་ནས་ཨ་རིའི་དངུལ་ཁང་ཁག་ནས་དངུལ་སྒོར་སྐྱི་བཞིན་པ་འགོག་སྲིད། ཨུ་རུ་སུའི་གཞུང་གིས་བཀྲམ་པའི་བུན་འཛིན་རྣམས་ཉོ་ཚོང་བྱེད་དུ་མ་བཅུག་ན་རྒྱལ་ཁབ་དེའི་སྲིད་གཞུང་ལ་ཐད་ཀར་དཔལ་འབྱོར་དང་ཚོང་ལས་ཀྱི་དཀའ་ངལ་འཕྲད་རྒྱུ་ལྡོག་ཐབས་བྲལ། ཨ་རིའི་ཐབས་ཇུས་གཞན་པ་ཞིག་ནི་སྲིད་འཛིན་ཕུ་ཊིན་གྱི་གྲོགས་མོ་དང་བུ་ཕྲུག ཨུ་རུ་སུའི་ཞི་དྲག་དཔོན་རིགས་ཁག་དང་ཚོང་པ་སྟོབས་ཆེན་ཚོར་ཉེས་ཆད་བཅད་ནས་དེ་དག་གི་ཚོང་ལས་དང་འགྲིམ་འགྲུལ་བཀག་སྡོམ། ཨུ་རུ་སུའི་དངུལ་ཁང་ཁག་ལ་ཨ་མི་རི་ཀས་ཚོང་འབྲེལ་བཅད་ནས་ཉེས་ཆད་གཅོད་ཐུབ་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

XS
SM
MD
LG