ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་ལ་ཐོབ་ཤོར་ཅི་ཞིག་བྱུང་ཡང་རྒྱ་ནག་ལ་ཤུགས་རྐྱེན་ཐེབས་རྒྱུ། 


ཡུཀ་རེན་ལ་ཐོབ་ཤོར་ཅི་ཞིག་བྱུང་ཡང་རྒྱ་ནག་ལ་ཤུགས་རྐྱེན་ཐེབས་རྒྱུ། 
ཡུཀ་རེན་ལ་ཐོབ་ཤོར་ཅི་ཞིག་བྱུང་ཡང་རྒྱ་ནག་ལ་ཤུགས་རྐྱེན་ཐེབས་རྒྱུ། 

༄༅།། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཤུགས་རྐྱེན་ཆེ་རུ་གཏོང་བའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་ཀྱང་དམག་འཁྲུག་དེ་མཇུག་སྒྲིལ་གང་འདྲ་ཞིག་འབྱུང་རྒྱུ་ཡིན་མིན་དང་རྒྱ་ནག་གིས་ལས་དོན་ཅི་ཞིག་བསྒྲུབ་ཐུབ་རྒྱུ་ཡིན་མིན། ཡུཀ་རེན་ལ་ཐོབ་ཤོར་ཅི་ཞིག་བྱུང་ཡང་རྒྱ་ནག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུ་ཡིན་པར་ཞིས་ཅིན་ཕིང་གིས་བསམ་ཞིབ་བྱ་དགོས་པའི་གནད་དོན་ཞིག་ཏུ་གྱུར། ཕྱི་ཟླ་༥་པའི་ཚེས་༡༠་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་དུང་ཡང་ཡུཀ་རེན་གྱི་དམག་འཁྲུག་མཚམས་ཆོད་ཀྱི་མེད་ཅིང་། རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོ་ཡིན་མིན་ཉམས་ཚོད་ལེན་པའི་དུས་སུ་བསླེབས། ཨུ་རུ་སུར་ཐོབ་པ་དང་ཤོར་བ། དམག་འཁྲུག་དེ་མཚམས་མ་ཆད་པར་དེ་མུར་ལུས་ཀྱང་རྒྱ་ནག་ལ་ཐད་ཀར་ཕན་གནོད་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ལྡོག་ཐབས་བྲལ། ལྷག་པར་དུ་རྒྱ་ནག་གིས་ཞི་བདེ་བསྐྲུན་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པར་ནུས་པ་ཐོན་རྒྱུ་ཡིན་མིན་སོམ་ཉིའི་དྲྭ་བར་ཚུད་རྒྱུའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཨུ་རུ་སུར་ཕམ་ཉེས་བྱུང་ན་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ལ་རྒྱལ་ཁ་དང་འཛམ་གླིང་གི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཁག་ལ་ཕམ་ཉེས་ཤིག་ཏུ་འགྱུར་རྒྱུ་ཡིན་ཞིང་། དེ་ལྟར་བྱུང་ན་༢༠༠༨་དང་༢༠༠༩་ལོར་འཛམ་གླིང་ཡོངས་སུ་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཉམས་རྒུད་འགྲོ་བཞིན་འདུག རྒྱ་ནག་གི་མངའ་ཐང་རྒྱས་བཞིན་ཡོད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་བདེན་པར་མ་གྲུབ་པ་གསལ་པོར་སྟོན་ཐུབ། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁ་ཐོབ་ཚེ། ཞིས་ཅིན་ཕིང་དོགས་བདེ་པོ་གཏན་ནས་མེད་པ་ཞིག་ཏུ་འགྱུར་རྒྱུ་དང་ཁོ་པས་ཤར་རླུང་རྣམ་པར་རྒྱལ་ཐུབ་ཅེས་ཁ་ཕོ་བཤད་པ་ལོང་གཏམ་དུ་འགྱུར་རྒྱུ་ཡིན་འདུག དེ་ནས་འཛམ་གླིང་གི་སྲིད་དབང་སྒེར་གཅོད་པ་ཚོར་གོ་བརྡ་ཡག་པོ་ཞིག་འཕྲོད། རྒྱལ་སྤྱིའི་ཐོག་ཏུ་དུས་རབས་གཅིག་ལ་བྱུང་མྱོང་མེད་པའི་འགྱུར་ལྡོག་ཅིག་ཐེབས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

ད་སྔ་འཛམ་གླིང་གི་དམག་འཁྲུག་ཕལ་མོ་ཆེར་མཇུག་སྒྲིལ་ཡག་པོ་ཞིག་བྱུང་བ་ཤིན་ཏུ་ཉུང་། ཨུ་རུ་སུ་ཕམ་པ་ཡིན་ན་ཕམ་སྟངས་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ། གལ་སྲིད་ཨུ་རུ་སུ་རྦད་དེ་ཕམ་ན་སྲིད་འཛིན་ཕུ་ཊིན་དང་གཤམ་འོག་གི་མཐོ་རིམ་འགོ་ཁྲིད་ཡོད་དོ་ཅོག་འཕོ་འགྱུར་བཏང་ནས་སྲིད་གཞུང་གསར་པ་ཞིག་ཚུགས། ཨུ་རུ་སུའི་སྲིད་གཞུང་གསར་པ་དེས་རྒྱ་ནག་ལ་བསྙེ་རྒྱུ་ཤུགས་ཆུང་དུ་བཏང་སྟེ་ནུབ་ཕྱོགས་ལ་འབྲེལ་བ་ཡག་ཏུ་གཏོང་རྒྱུ་གཙིགས་སུ་འཛིན་པའི་སྲིད་གཞུང་ཞིག་ཏུ་འགྱུར་ཤས་ཆེ། དེ་ནི་རྒྱ་ནག་ལ་ཕམ་ཉེས་ཤིག་དང་ཞིས་ཅིན་ཕིང་ལ་དམིགས་བསལ་གྱི་ཕམ་ཉེས་ཤིག་ཏུ་འགྱུར་རྒྱུ་བརྗོད་ཅི་དགོས། གལ་སྲིད་ཨུ་རུ་སུར་རྒྱལ་ཁ་ཐོབ་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་པར་ནུས་པ་མ་ཐོན་པའི་རྟགས་སུ་བརྩི་ཆོག་པ་དང་རྒྱ་ནག་དཔའ་སྐྱེད་ལངས། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པར་མ་ཟད། ཐ་ན་རྒྱ་ནག་གིས་ཐེ་ཝན་ལའང་བཙན་འཛུལ་གྱི་གནོན་ཤུགས་སྤྲད་ནས་ཨ་མི་རི་ཀ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་དམག་འཁྲུག་ལ་མ་ཞུགས་ཐབས་མེད་དུ་འགྱུར་རྒྱུ་ཡིན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་ཡུཀ་རེན་ཕམ་ན་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་རྒྱལ་སྤྱིའི་ལས་དོན་དང་ཤར་ཨེ་ཤི་ཡའི་ལས་དོན་ཐོག་ཏུ་ཨ་མི་རི་ཀའི་ཕྱོགས་སུ་ལངས་ན་ཁེ་ཕན་མེད་པ་ངོ་འཕྲོད་དུ་འཇུག་རྒྱུ་སྟབས་བདེ་རུ་འགྲོ་སྲིད། ཨུ་རུ་སུ་རྦད་དུ་ཕམ་པའམ། ཡང་ན་ཨུ་རུ་སུ་སྟོབས་ཤུགས་ཡོངས་སུ་ཉམས་ན་རྒྱ་ནག་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་པའི་གོ་སྐབས་ཆེ་རུ་འགྲོ་ཐུབ། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་བརྟེན་དགོས་པར་འགྱུར། གལ་སྲིད་ཡུཀ་རེན་གྱི་དམག་འཁྲུག་འདི་རྟིང་ཐག་མ་ཆོད་པར་དེ་མུར་ལུས་ན་རྒྱ་ནག་གིས་མུ་མཐུད་དུ་ཨུ་རུ་སུ་ནས་རིན་གོང་དམའ་མོའི་རྡོ་སྣུམ་དང་ཤིང་ཆ། རྡོ་སོལ་དང་དངོས་ཟོག་རྣམས་ནང་འདྲེན་བྱས་ནས་གནས་སྐབས་རིང་ཁེ་ཕན་བླངས། ད་ལྟའི་དམག་འཁྲུག་གི་དུས་སྐབས་འདིར་ཨུ་རུ་སུར་རྒྱ་དཀར་ནག་གཉིས་དང་རྒྱལ་ཁབ་ཉུང་ཤས་ཤིག་ལས་རྡོ་སྣུམ་སོགས་ཕྱིར་ཚོང་བྱ་ཡུལ་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༨་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཉིན་རྒྱ་ནག་གིས་དོན་ཚན་༡༢་ཅན་གྱི་ཞི་བའི་གྲོས་གཞི་ཞིག་བཏོན། ཐོག་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་བརྡལ་བཤིག་གཏོང་གི་ཡོད་པ་རེད། དེས་ན་ལྷན་ཚོགས་འདིའི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་གྲོས་གཞི་དེ་ཞི་བའི་གྲོས་གཞི་ཞིག་ལ་ངོས་འཛིན་བྱེད་མི་ཐུབ་ཅེས་དགག་པ་བརྒྱབ། འོན་ཀྱང་ཕྱི་ཟླ་༥་པའི་ཚེས་༣་ཉིན་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ནས་རྒྱ་ནག་གིས་ཨུ་རུ་སུ་དང་ཡུཀ་རེན་གྱི་ཞི་བའི་གྲོས་མོལ་བྱེད་ཐུབ་པའི་ནུས་པ་ཆེན་པོ་ཞིག་འདོན་ཐུབ་ཅེས་ལངས་ཕྱོགས་བསྒྱུར། ཉམས་ཞིབ་པ་ཚོས་ཨ་རིའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་པ་ནི་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་མི་འབའ་ཞིག་དེ་ཞིས་ཅིན་ཕིང་རེད། རྒྱ་ནག་ལ་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་བའི་གོ་སྐབས་ཤིག་སྤྲོད་དགོས་ཞེས་ནན་སྐུལ་བྱས་པའི་རྐྱེན་གྱིས་རེད་ཅེས་གནས་ཚུལ་ཐོན།།

ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་བར་རྒྱ་ནག་ལ་གྲོས་མོལ་བྱ་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་ཀྱང་གྲོས་མོལ་དེར་ཡུཀ་རེན་གྱི་སྐུ་ཚབ་ངེས་པར་དུ་མཉམ་ཞུགས་བྱ་དགོས་པའི་ལངས་ཕྱོགས་བཟུང་། འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཞིབ་འཇུག་རིག་པའི་སློབ་དཔོན་ལས་རོགས་ཌེ་ཎི་སི་ཝིལ་ཌར་ནས་རྒྱ་ནག་གི་བར་འདུམ་དེ་ཤུགས་ཆེན་པོ་ཞིག་མ་རེད། མི་ཚོས་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཐུབ་པའི་ཐབས་ལམ་ཞིག་འཚོལ་རྒྱུའི་རེ་ལྟོས་འཆང་གི་ཡོད་ན་རེ་བ་སྟོང་ཟད་དུ་འགྱུར་རྒྱུ་རེད། གལ་སྲིད་མི་ཚོས་རྒྱ་ནག་གིས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ལ་འབྲེལ་བ་མཐུད་ཐབས་བྱེད་ཀྱི་ཡོད་པའི་རེ་ལྟོས་འཆང་གི་ཡོད་ན་ནུས་པ་ཡག་པོ་ཞིག་ཐོན་ཐུབ། རྒྱ་ནག་གིས་ཐབས་ལམ་འཚོལ་རྒྱུ་ནི་དཀོན་པོ་རེད་ཅེས་བཤད། བདུན་ཕྲག་སྔོན་མར་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་སྐད་ཆ་དྲིས་པའི་སྐབས་སུ་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ལ་ནུས་པ་འདོན་ཐུབ་ཅེས་ལན་བཏབ།།

ཉམས་ཞིབ་པ་ཚོས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཞིས་ཅིན་ཕིང་ལ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་སྲིད་པར་ངོ་རྒོལ་བྱ་དགོས། ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་བརྩི་འཇོག་བྱ་དགོས་པའི་སྐུལ་ལྕག་བཏང་བར་ནུས་པ་ཞིག་ཐོན་གྱི་ཡོད་པའི་རྣམ་པ་ཞིག་མངོན། ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གིས་ཨུ་རུ་སུར་གནོན་ཤུགས་ཆེ་ཙམ་སྤྲོད་རྒྱུའི་རེ་ལྟོས་འཆང་གི་འདུག རྒྱ་ནག་གིས་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་སྲིད་པ་འགོག་ཐབས་སུ་ཨ་རི་དང་ཡུ་རོབ་གཉིས་ལངས་ཕྱོགས་གཅིག་གྱུར་ཡིན་པའི་གནས་ཚུལ་ཐོན། ཉམས་ཞིབ་ཁག་ཅིག་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཐད་ཨ་རི་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱུང་ན་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་འབྱུང་ཞེས་བསྟན། གཅིག་བྱས་ན་ཨ་རིའི་ནོར་སྲིད་དང་ཚོང་དོན་དྲུང་ཆེ་གཉིས་རྒྱ་ནག་ལ་ཕེབས་སྲིད་པ་དང་ལོ་འདིར་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ཡང་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུའི་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༨་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་བློས་ཐུབ་ཀྱི་གྲོགས་པོ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཀི་སན་ཇར་གྱིས་ཡུཀ་རེན་གྱི་དམག་འཁྲུག་ནི་འགག་རྩའི་མཚམས་སུ་སླེབས་ཀྱི་འདུག ༢༠༢༣་གྱི་ལོ་མཇུག་ཡས་མས་སུ་རྒྱ་ནག་གིས་གྲོས་གཞི་བཏོན་པ་ལྟར་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཐུབ་པའི་རེ་བ་ཆེ། ཐོག་མར་ཨུ་རུ་སུ་དང་ཡུཀ་རེན་གྱི་ཞི་བའི་གྲོས་མོལ་ལན་འགའ་བྱས་ཀྱང་ཕྱིས་སུ་ཕྱོགས་གཉིས་ཀར་ཞི་བའི་གྲོས་མོལ་བྱ་རྒྱུའི་འདོད་པ་མེད་པར་སྣང་ཞེས་བཤད། རྒྱ་ནག་གིས་ཞི་བའི་གྲོས་གཞི་དོན་ཚན་༡༢་བཏོན་ཡོད་པ་དེའི་ནང་དུ་ཨུ་རུ་སུའི་དམག་གིས་ཕྲོགས་ཟིན་པའི་ས་ཆ་རྣམས་བློས་ཐོངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོག་མཆན་མེད་པར་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་ཀྱི་ཉེས་ཆད་བཀལ་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཞེས་འཁོད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ས་ཆ་སོར་གང་བློས་གཏོང་རྒྱུ་མིན། ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ས་ཐོག་ནས་ཕྱིར་འཐེན་བྱ་དགོས། ༢༠༡༤་ལོར་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་ཡང་ཡུཀ་རེན་ལ་ཕྱིར་སློག་བྱ་དགོས་ཞེས་ལན་མང་བསྐྱར་ཟློས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG