ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཏོག་དབྱིབས་ནད་དུག་གིས་ཞིས་ཅིན་ཕིང་གི་སྲིད་དབང་ལ་འགྱུར་བ་ཅི་ཐེབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་ནི་དེང་སང་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་སྲིད་འཛིན་ཞིས་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་འོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཅེས་མཐའ་གཅིག་ཏུ་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་ཡུ་རོབ་དང་ཨ་མི་རི་ཀའི་དཔོན་རིགས་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་དྲིལ་བསྒྲགས་དེ་ཚོར་མོས་མཐུན་བྱེད་ཀྱི་མེད་པ་རེད། ཉེ་ཆར་ཏོག་དབྱིབས་ནད་དུག་གིས་མ་འོངས་པར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་སྲིད་དབང་ལ་འགྱུར་བ་ཅི་ཞིག་ཐེབས་སྲིད་མིན་ཐད་དུ་འབྲེལ་ཡོད་མི་སྣ་ཁ་ཤས་ཀྱིས་དབྱེ་ཞིབ་བྱས་འདུག

རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྔོན་ལ་རྒྱལ་ཁ་ཐོབ་ཡོད་མེད་དང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་ནས་འཛམ་གླིང་ལ་འགོ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་ཡོད་མེད་བཅས་ལ་རྒྱ་ནག་གཞུང་ཕྱོགས་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་རྦད་དེ་ཐ་དད་རེད་འདུག པེ་ཅིང་ཕྱོགས་ནས་དྲིལ་བསྒྲགས་བྱས་པ་ལྟར་ན། སྲིད་འཛིན་ཞིས་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་འོག་ཏུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པར་མ་ཟད། རྒྱ་ནག་གིས་ནད་དུག་དེར་སྔོན་འགོག་ལེགས་གྲུབ་བྱུང་རྗེས་སུ་འཛམ་གླིང་གི་རྒྱལ་ཁབ་མང་པོར་ནད་དུག་སྔོན་འགོག་གི་ཉམས་མྱོང་སྤེལ་བ་དང་སྨན་བཅོས་ཀྱི་ཡོ་བྱད་རྣམས་རོགས་སྐྱོར་བྱས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་སྙིང་སྟོབས། རྒྱ་ནག་གི་འགན་འཁྲིའི་འཇོན་ཐང་རྣམས་བསྟན་ཡོད་ཅེས་སྒྲོགས་ཀྱི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐོག་མར་རྒྱ་ནག་གི་ཏོག་དབྱོབས་ནད་དུག་སྔོན་འགོག་ལ་བསྔགས་བརྗོད་བྱས་ཀྱང་ནད་དུག་དེ་འཛམ་གླིང་ཡོངས་ལ་ཁྱབ་གདལ་ཕྱིན་ཏེ་ཛ་དྲག་ཆེ་རུ་ཕྱིན་པར་བསྟུན་ནས་ཨ་རིའི་སྲིད་འཛིན་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་རྒྱ་ནག་སྲིད་གཞུང་གི་རིམས་ནད་སྔོན་འགོག་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱས་ཤིང་། ཁོ་ཚོས་རྒྱ་ནག་གིས་ཐོག་མ་ནས་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་གྱི་གྲངས་འབོར་སོགས་སྦ་གསང་བྱས་པར་བརྟེན། མཐར་འཛམ་གླིང་ཡུལ་གྲུ་གང་སར་རིམས་ནད་ཁྱབ་གདལ་འགྲོ་རུ་བཅུག་པ་རེད་ཅེས་སྐྱོན་འཛུགས་བྱས་འདུག ད་དུང་ཨ་རིའི་གྲོས་ཚོགས་སུ་ནད་དུག་གི་རྐྱེན་ལས་བྱུང་བའི་དཔལ་འབྱོར་གྱི་གྱོང་གུད་རྣམས་རྒྱ་ནག་གཞུང་ལ་གུན་གསབ་སྤྲོད་དུ་འཇུག་དགོས་ཞེས་འབོད་སྐུལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

ཉེ་དུས་ཨ་རིའི་སྤྱི་དམངས་ཀྱི་མངོན་འདོད་འདྲི་ཞིབ་བྱས་པར་གཞིགས་ན། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་ཨ་མི་རི་ཀའི་སྤྱི་དམངས་རྣམས་རྒྱ་ནག་དམར་ཤོག་སྲིད་གཞུང་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཡིད་ཆེས་མེད་པར་གྱུར་ཡོད་པ་གསལ་སྟོན་བྱུང་འདུག དཔེར་ན་ཧ་རེ་སི་ཞེས་པའི་སྤྱི་དམངས་མངོན་འདོད་འདྲི་ཞིབ་ཚོགས་ཆུང་ཞིག་གིས་སྤྱི་ཟླ་༤་པའི་ཚེས་༣་ནས་ཚེས་༥་བར་དུ་ཨ་རིའི་སྤྱི་དམངས་༢༠༠༠་ཡས་མས་ཤིག་འདྲི་ཞིབ་ཀྱིས་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆའི་༢༣་ཙམ་གྱིས་ད་གཟོད་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་བརྟེན་ནས་ཞིས་ཅིན་ཕིང་ཡིད་རྟོན་རུང་བའི་འགོ་ཁྲིད་ཅིག་ཏུ་བརྩིས་འདུག

རྒྱལ་སྤྱིའི་གསལ་བསྒྲགས་དེ་དག་ནི་རྒྱ་ནག་ལ་གནོད་གི་ཡོད་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་ཁ་རས་རོགས་སྐྱོར་སྤྲད་ནས་ཕྱི་འབྲེལ་འཛུགས་ཀྱི་ཡོད་པ་ནི་རྒྱ་ནག་གིས་འབྲེལ་ཡོད་རྒྱལ་ཁབ་དེ་ཚོར་བག་ཆགས་བཟང་པོ་ཞིག་འཇོག་རྒྱུ་དེར་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད། འོན་ཀྱང་རྒྱ་ནག་གིས་ཁ་རས་རོགས་སྐྱོར་བྱས་པ་རྣམས་དྲིལ་བསྒྲགས་ཐལ་དྲགས་པ་ཞིག་བྱེད་ཀྱི་ཡོད་པས་མི་རྣམས་དེ་ལ་སུན་སྣང་སྐྱེས་ཏེ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་བཞིན་པའི་ཛ་དྲག་གི་གོ་སྐབས་བཟུང་ནས་སོ་སོའི་ཁེ་ཕན་སྒྲུབ་འདུག་ཅེས་དོགས་སློང་བྱེད་བཞིན་འདུག

ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཨ་ལིཀ་ཟན་ཌར་ཌོ་ནར་གྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པ་དེས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ལྟ་སྟངས་སྡུག་ཏུ་འགྲོ་རྒྱུ་རེད། ཏོག་དབྱིབས་ནད་དུག་སྔོན་འགོག་ལེགས་གྲུབ་བྱུང་བའི་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དང་རྩད་གཅོད་ནན་མོ་བྱ་རྒྱུ་རེད་ཅེས་གསུངས་འདུག

འཛམ་གླིང་གི་རྒྱ་ནག་ཉམས་ཞིབ་པ་དང་ཆབ་སྲིད་དཔོན་རིགས་ཁག་བཅས་མི་བརྒྱ་ལྷག་གིས་ཡོངས་བསྒྲགས་ཡི་གེ་ཞིག་ལ་མིང་རྟགས་བཀོད་དེ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྐོར་སྦ་གསང་བྱས་པ་དང་རྒྱ་ནག་ལ་སྨྲ་བརྗོད་རང་དབང་མེད་པའི་སྟབས་ཀྱིས་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་ཏུ་བཅུག་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཨ་རིའི་ཕྱི་འབྲེལ་དུས་དེབ་ནང་དུ་སྐབས་དེར་དེ་འདྲའི་རྩོམ་ཡིག་ཅིག་ཐོན་པར་སྤྱི་ཟླ་༤་པའི་ཟླ་མགོ་དེར་རྒྱ་ནག་གི་གཞུང་འབྲེལ་ཉམས་ཞིབ་པ་༡༠༠་ཐམ་པས་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྐོར་ལ་མི་ཚོས་ཆབ་སྲིད་ཀྱི་ཀུན་སློང་བཅངས་ནས་ལོག་འགྲེལ་བྱས་སོང་ཞེས་དགག་པ་བརྒྱབ་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་མེཀ་མ་སི་ཊར་གྱིས་རྒྱ་ནག་གཞུང་གིས་ཐེངས་འདིར་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་སྟངས་དེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོ་བོ་གསལ་པོ་མཐོང་ཐུབ་པ་བྱུང་སོང་། རྒྱ་ནག་དམར་ཤོག་གཞུང་ནི་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་རེད། རྒྱ་ནག་གཞུང་གི་ལས་སྟངས་ཡོད་ཚད་རྒྱ་ནག་དམར་ཤོག་གཞུང་ལ་དགག་པ་རྒྱག་མཁན་ལ་ཚོར་གནོན་སྡོམ་བྱ་རྒྱུ་དང་དམ་དྲག་བྱ་རྒྱུ། རྒྱ་ནག་མི་དམངས་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱ་རྒྱུ་ཁོ་ན་རེད་ཅེས་བརྗོད་འདུག

ཨ་རིའི་རིག་མཛོད་ལས་རིགས་ཀྱི་ཕྱི་འབྲེལ་ཉམས་ཞིབ་པ་ཨ་ལི་ཛ་བྷེ་ཐེ་ཨི་ཀོ་ནོ་མཱི་ཞེས་པ་ཞིག་གིས་རེས་གཟའ་ཕུར་བུའི་ཉིན་དྲྭ་ལམ་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་སྲིད་དབང་ལ་འགྱུར་བ་འགྲོ་རྒྱུ་ཡིན་མིན་གྱི་གནད་དོན་ནི་འཕྲལ་དུ་ཚིག་ཐག་གཅོད་ཁག་པོ་རེད། དེ་ནི་ནམ་ཡིན་རུང་འགྱུར་ལྡོག་དང་འཕེལ་རྒྱས་འགྲོ་བཞིན་པའི་གནད་དོན་ཞིག་རེད། དེ་ལ་རྒྱུ་རྐྱེན་ཁ་ཤས་ཡོད་པ་སྟེ། གཅིག་ནི་རྒྱ་ནག་གི་དཔལ་འབྱོར་ལ་རག་ལས་པ་རེད། གཉིས་ནི་རྒྱ་ནག་གཞུང་གིས་སྤེལ་བའི་ཏོག་དབྱིབས་ནད་དུག་སྐོར་གྱི་འགྲེལ་བཤད་དེ་དག་གིས་ཁུངས་འཁྱོལ་ཐུབ་རྒྱུ་ཡིན་མིན་ལ་རག་ལས་ཡོད། གསུམ་ནི་གལ་སྲིད་ཏོག་དབྱིབས་ནད་དུག་དངོས་སུ་ཝུ་ཧན་གྱི་རྫས་འགྱུར་ཚོད་ལྟ་ཁང་ཞིག་ནས་ཕྱི་ལ་ཁྱབ་པ་ཡོད་པ་ར་འཕྲོད་ན་ཞིས་ཅིན་ཕིང་གི་སྲིད་དབང་ལ་ཏན་ཏན་གནོད་གི་རེད་ཅེས་གསུངས་འདུག

གཞན་ཡང་ཨ་རིའི་སྲིད་འཛིན་ཟུར་པ་འཇོར་ཇཱི་ཌབ་ལུ་བྷུ་ཤཱིའི་དུས་སྐབས་ཀྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་གཞོན་པ་རོ་བྷར་ཊི་བྷུ་ལེཀ་ཝིལ་གྱིས་རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་འཐུས་ཤོར་བཏང་བའི་རྐྱེན་གྱིས་མི་མང་པོ་ཞིག་གིས་རྒྱ་ནག་ལ་གསར་བརྗེ་ལྟ་བུའི་འགྱུར་ལྡོག་ཞིག་ཐེབས་རྒྱུ་ཡིན་པའི་བསམ་ཚུལ་འཆང་གི་ཡོད་པ་ནི་སྟོང་བསམ་ཙམ་རེད། འཛམ་གླིང་འདིར་མི་ལ་ལྟ་སྐུལ་ཆེས་ངན་ཤོས་བྱེད་ཐུབ་མཁན་གྱི་རྒྱ་ནག་རྒྱལ་ཁབ་ལ་མཚོན་ན་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འགྱུར་བ་ཆེན་པོ་ཞིག་ཐེབས་དཀའ། ང་ཚོས་མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ལ་དབང་སྒྱུར་བྱ་རྒྱུ་ནི་དང་ལེན་མི་བྱེད་ཁ་མེད་ཅིག་རེད། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་སྒེར་གཅོད་ཀྱི་སྲིད་དབང་ལ་འགྱུར་བ་གཏོང་ཐུབ་རྒྱུའང་ཁག་པོ་རེད་ཅེས་བརྗོད་འདུག

XS
SM
MD
LG