ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིར་བཅའ་སྡོད་ཐེ་ཝན་དོན་གཅོད་ཁང་གི་མིང་བྱང་བསྒྱུར་རྒྱུའི་གྲོས་གཞི།


༄༅།། བྷ་ཌན་གྱི་སྲིད་གཞུང་གིས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་རྒྱུའི་བསམ་ཞིབ་གཟབ་ནན་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་དུ་བཅུག་ན་སྐམ་ས་ཆེན་མོས་མཚོ་གླིང་དེར་དམག་གིས་གཏོར་རྒོལ་གྱི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་གི་རེད་ཅེས་ཉེན་བརྡ་བཏང་འདུག གཟའ་མཇུག་དེར་དབྱིན་ཇིའི་ནོར་སྲིད་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གཞུང་གིས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་ལ་ཐེ་པེའི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཞེས་བཀོད་ཡོད་པར་འགྱུར་བ་བཏང་ནས་ཐེ་ཝན་གྱི་སྐུ་ཚབ་གཅོད་དོན་ཁང་ཞེས་མིང་འགོད་དུ་འཇུག་དགོས་པའི་རེ་བ་བཏོན། ཨ་རིའི་སྲིད་གཞུང་གི་ནང་ཁུལ་དུ་ཐེ་ཝན་གཞུང་གིས་བཏོན་པའི་རེ་སྐུལ་དེར་བསམ་ཞིབ་གཟབ་ནན་བྱེད་ཀྱི་འདུག་ཅེས་ནང་མོལ་དེར་འབྲེལ་བ་ཡོད་པའི་མི་འགའ་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གསར་འགྱུར་མཁོ་སྤྲོད་པ་ཚོས་ཕོ་བྲང་དཀར་པོའི་ཨེ་ཤི་ཡའི་ལས་དོན་གྱི་སློབ་སྟོན་པ་ཁར་ཊི་ཁེམ་བྷེལ་གྱིས་ཐེ་ཝན་དོན་གཅོད་ཁང་གི་མིང་བྱང་བརྗེ་སྒྱུར་བྱ་རྒྱུ་དེར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་འདུག ཐེ་ཝན་གྱི་རེ་སྐུལ་དེར་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་ལས་སྣེ་ཕལ་མོ་ཆེས་རྒྱབ་སྐྱོར་བྱེད་ཀྱི་འདུག མཐར་སྲིད་འཛིན་བྷ་ཌན་གྱིས་དེ་ལ་ཐག་གཅོད་གནང་དགོས་པ་དང་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་དུ་བཅུག་ན་སྲིད་འཛིན་གྱི་སྐུ་དབང་བཀོལ་ནས་བཀོད་ཁྱབ་བཏང་སྟེ་ཆོག་མཆན་འགོད་དགོས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ཨ་རིའི་གཞུང་གིས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་དུ་བཅུག་ན་རྒྱ་ནག་ཁོང་ཁྲོ་ལངས་ནས་ངོ་རྒོལ་དྲག་པོ་བྱ་རྒྱུ་ཉག་ཅིག་ཡིན་ཞིང་། དཔེར་ན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་མིང་བྱང་བརྗེ་སྒྱུར་བྱེད་ན་རྒྱ་ནག་གིས་ཐེ་ཝན་ལ་རྟོག་ཞིབ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་རྒྱུ་མཚན་ཡོངས་སུ་ཚང་བ་རེད། རྒྱ་ནག་གི་དམག་འཐབ་གནམ་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ནས་སྐོར་གཡེང་བྱས་ཀྱང་ཐེ་ཝན་གྱི་དམག་གིས་འགོག་མི་ཕོད། གལ་སྲིད་ཐེ་ཝན་གྱི་དམག་གིས་རྒྱ་ནག་གི་གནམ་དམག་ལ་ཚུར་རྒོལ་བྱེད་ན་སྐམ་ས་ཆེན་མོས་སེམས་ཐག་གཙང་བཅད་ཀྱིས་ཐེ་ཝན་གྱི་རང་བཙན་ཤོག་ཁག་ལ་གཏོར་རྒོལ་ཚབས་ཆེན་ཞིག་བྱ་རྒྱུར་ཐེ་ཚོམ་མེད། རྒྱ་ནག་གི་དམག་གིས་ཐེ་ཝན་གྱི་མཁའ་དབྱིངས་རྟོག་ཞིབ་ཀྱི་མངའ་ཁོངས་སུ་འཇུག་རྒྱུ་ཡིན། ཨ་རི་དང་ཐེ་ཝན་གཉིས་ཀས་དོན་གཅོད་ཁང་གི་མིང་བྱང་བརྗེ་སྒྱུར་བྱེད་ན་རྒྱ་ནག་གི་ཁ་བྲལ་བཅའ་ཁྲིམས་ལ་འགལ་འཛོལ་འབྱུང་གི་ཡོད་པས་སྐམ་ས་ཆེན་མོར་ཨ་རི་དང་ཐེ་ཝན་གཉིས་ཀར་འཐབ་རྒོལ་བྱེད་ཐུབ་པའི་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་གཉིས་ཀ་ཡོད། རྒྱ་ནག་གིས་ཐེ་ཝན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་དང་མཚོ་གླིང་དེ་མཐའ་བསྐོར་རྒྱུའི་ཉེན་ཁའང་ཡོད་ཅེས་སྡིགས་ར་བསྐུལ། དབྱིན་ཇིའི་ནོར་སྲིད་ཚགས་པར་གྱིས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་དུ་བཅུག་ན་ཨ་རྒྱ་གཉིས་ཀྱི་འབྲེལ་བ་བཟང་པོ་མེད་པ་དེ་བས་ཀྱང་ཇེ་སྡུག་ཏུ་གཏོང་སྲིད། གསར་འགོད་པས་འདྲི་རྩད་བྱས་ཀྱང་ཨ་རི་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་གནད་དོན་དེ་གླེང་སློང་བྱེད་ཀྱི་མེད་ཀྱང་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་རྒྱུ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་ཅི་ཞིག་བཙུགས་ཀྱང་རྒྱ་ནག་གིས་དེ་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱས་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་ཐུབ་ན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཞིང་། ༢༠༡༦་ལོར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་པའི་མིང་ཚིག་དེ་ཉིད་ནག་སུབ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་འདུག ༢༠༡༧་ནས་༢༠༡༩་བར་དུ་རྒྱ་ནག་གི་གནོན་ཤུགས་འོག་ནེ་ཇཱི་རི་ཡ་དང་འཇོར་ཌན། ཨི་ཁོ་དྷོར་སོགས་རྒྱལ་ཁབ་བདུན་གྱི་ས་ཐོག་ཏུ་ཐེ་ཝན་ལ་དོན་གཅོད་ཁང་ཡོད་པ་དེ་དག་གི་མིང་བྱང་ལ་ཐེ་ཝན་གྱི་དོན་གཅོད་ཁང་ངམ། ཡང་ན་ཀྲུང་ཧྭ་མིན་གོའི་དོན་གཅོད་ཁང་ཞེས་བཀོད་ཡོད་པ་རྣམས་བཙན་གྱིས་ནག་སུབ་བྱེད་དུ་བཅུག་འདུག ད་ལོའི་ཕྱི་ཟླ་༧་པའི་ནང་དུ་ཨུ་རུ་སུའི་ཉེ་འཁོར་གྱི་རྒྱལ་ཁབ་ལི་ཐུ་ཝྭེ་ཎི་ཡས་ཐེ་ཝན་གྱི་དོན་གཅོད་ཁང་ཞེས་མིང་བྱང་བསྒྱུར་དུ་བཅུག་སྟེ་རྒྱ་ནག་གིས་ངོ་རྒོལ་བྱས་ནས་ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་འཐེན་བྱས་པར་མ་ཟད། བདུན་ཕྲག་སྔོན་མར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཁ་པར་ནང་དུ་བཀའ་མོལ་གནང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་འབད། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གནད་འགག་ཆེན་པོ་ཞིག་ཡིན་པའི་ནན་བརྗོད་གནང་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཨ་རི་དང་རྒྱ་ནག་གཉིས་འགལ་ཟླ་འབྱུང་ས་གཙོ་བོ་ཞིག་ཐེ་ཝན་གྱི་གནད་དོན་རེད་ཅེས་ནོར་སྲིད་ཚགས་པར་གྱིས་གནས་ཚུལ་སྤེལ་འདུག

ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བརྗེ་སྒྱུར་གྱི་གྲོས་མོལ་ལ་འབྲེལ་བ་ཡོད་པའི་ལས་སྣེ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཐེ་ཝན་གཞུང་གིས་སྲིད་འཛིན་སྔོན་མ་ཌོ་ནལ་ཊམ་འཕོ་འགྱུར་མ་སོང་གོང་དེར་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་དུ་འཇུག་དགོས་པའི་རེ་སྐུལ་ཞུས་འདུག ལོ་འདིའི་ཕྱི་ཟླ་གསུམ་པའི་ནང་དུ་ཐེ་ཝན་གཞུང་གིས་དངོས་སུ་སྲིད་འཛིན་བྷ་ཌན་གྱི་གཞུང་ལ་རེ་སྐུལ་ཞུས་འདུག་ཅེས་བཤད། ཐེ་ཝན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོས་ཨ་མི་རི་ཀར་རེ་སྐུལ་ཞུས་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་སོང་ཞེས་བཀྲལ། ༡༩༧༩་ལོར་ཨ་མི་རི་ཀས་པེ་ཅིང་ལ་ཕྱི་འབྲེལ་བཙུགས་པའི་རྗེས་སུ་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་པེ་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཐེ་ཝན་གྱི་གཞུང་ཚབ་ཁང་ལ་ངོས་འཛིན་བྱ་རྒྱུ་མཚམས་བཞག རྒྱལ་ཁབ་གང་ཞིག་གིས་ཐེ་ཝན་ལ་ཀྲུང་ཧྭ་མིན་གོའམ། ཡང་ན་ས་ཁམས་ཆགས་ཡུལ་གྱི་ཆ་ནས་ཐེ་ཝན་ཞེས་འབྲེལ་བ་བཙུགས་ཀྱང་རྒྱ་ནག་གིས་དེ་ལ་ངོ་རྒོལ་བྱས་ནས་མིང་བྱང་དེ་དག་ནག་སུབ་བྱེད་དུ་འཇུག་རྒྱུ། རྒྱ་ནག་གིས་འཛམ་གླིང་འདིར་རྒྱ་ནག་ཟེར་བའི་རྒྱལ་ཁབ་གཅིག་ལས་མེད། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན། ཀྲུང་ཧྭ་མིན་གོ་དང་ཐེ་ཝན་ཞེས་མིང་བྱང་གང་འདྲ་ཞིག་བཏགས་ཀྱང་མཚོ་གླིང་དེ་རྒྱ་ནག་གི་མངའ་ཁོངས་ཞིང་ཆེན་ཞིག་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་མོད། འོན་ཀྱང་ཐེ་ཝན་གཞུང་གིས་འཛམ་གླིང་འདིར་ཀྲུང་ཧྭ་མིན་གོ་ཞེས་པའི་རང་བཙན་རྒྱལ་ཁབ་ཅིག་ཡོད། ཐེ་ཝན་ཀྲུང་ཧྭ་མིན་གོ་ཡིན། ཀྲུང་ཧྭ་མིན་གོ་ཐེ་ཝན་མཚོ་གླིང་དུ་ཆགས་ཡོད་པའི་དོན་དངོས་རྒྱ་ནག་གིས་ཁས་ལེན་བྱ་དགོས་ཞེས་ལངས་ཕྱོགས་བཟུང་ཡོད་པ་རེད།།

ཨ་རིའི་གཞུང་གི་ནང་མོལ་དེར་འབྲེལ་བ་ཡོད་པའི་མི་གཉིས་ཀྱིས་དབྱིན་ཇིའི་ནོར་སྲིད་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བྱང་བསྒྱུར་དུ་བཅུག་ཀྱང་མཚོན་དོན་ཙམ་ཡིན་པ་དང་ཨ་རི་དང་ཐེ་ཝན་གཉིས་ཀར་དོན་དམ་གྱི་ཁེ་ཕན་འཐོབ་རྒྱུ་ཁག་པོ་རེད། ད་དུང་དེའི་ཁར་རྒྱ་ནག་ལ་ཁོང་ཁྲོ་ལངས་ནས་ཨ་རི་དང་རྒྱ་ནག མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་བཅས་པ་སྡུག་ཏུ་གཏོང་རྒྱུའི་ཉེན་ཁ་ཡོད་པའི་གླེང་སློང་བྱུང་སོང་ཞེས་བཤད། གཟའ་པ་སངས་འདིར་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཆགས་པའི་མཱེ་རི་ལན་ཌི་མངའ་སྡེའི་ཨ་ན་པོ་ལི་སི་གྲོང་ཁྱེར་དུ་ཨ་རི་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་དམིགས་བསལ་འབྲེལ་ལམ་བརྒྱུད་ནས་ཚོར་སྐྱེན་རྣོ་བའི་གནད་དོན་ཁག་ཅིག་ལ་གྲོས་མོལ་བྱ་རྒྱུ། ཐེ་ཝན་གྱི་སྐུ་ཚབ་ཚོགས་པའི་ཁོངས་སུ་མཚོ་གླིང་དེའི་རྒྱལ་སྲུང་བདེ་འཇགས་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་གཉིས་འདུས། ཨ་རིའི་གཞུང་གི་བཀག་སྡོམ་ལྟར་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཆོག་གི་མེད་པས་ཕྱོགས་གཉིས་ཀྱི་དམིགས་བསལ་འབྲེལ་ལམ་གྱི་གྲོས་མོལ་དེ་རྒྱལ་སའི་ཉེ་འཁོར་དུ་འཚོགས་དགོས་ཐུག་འདུག གཟའ་འཁོར་འདིའི་ཐུག་འཕྲད་གྲོས་མོལ་ནི་བྷ་ཌན་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཚོ་དང་ཐེ་ཝན་གྱི་མཐོ་རིམ་ལས་སྣེ་ཚོའི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་དེར་འགྱུར་རྒྱུ། རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དང་ཡུ་གུར་མི་རིགས་ལ་དྲག་གནོན། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་བཅས་ལ་སྲིད་འཛིན་བྷ་ཌན་གྱིས་ལངས་ཕྱོགས་མཁྲེགས་པོ་བཟུང་ནས་ཁ་གཏད་གཅོག་རྒྱུ་འགོ་ཚུགས། འཇར་མན་མཱར་ཤཱེལ་ཐེབས་རྩ་ཁང་གི་མཁས་པ་གྷེ་ལ་སེར་གྱིས་ཨ་རི་དང་ཐེ་ཝན་གཉིས་ཀས་དོན་གཅོད་ཁང་གི་མིང་བྱང་བསྒྱུར་ནས་དོན་སྙིང་མེད་པའི་ལས་དོན་ཁག་ཅིག་བསྒྲུབ་རྒྱུའི་ཚབ་ཏུ་ཕྱོགས་གཉིས་ཀས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་དོན་ཕན་ལྡན་པའི་ལས་དོན་ཁག་ཅིག་བསྒྲུབ་དགོས་ཀྱི་འདུག ཨ་རི་དང་ཐེ་ཝན་གཉིས་ཀས་མཚོན་དོན་ཙམ་གྱི་ལས་དོན་ཁག་ཅིག་བསྒྲུབས་ནས་རྒྱ་ནག་ལ་ཁོང་ཁྲོ་བསླངས་ན་ཕན་ཐོགས་མི་འདུག་ཅེས་ནན་བརྗོད་བྱས་འདུག

XS
SM
MD
LG