ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཝར་ནོག་ལ་ཨ་རིའི་གྲོས་ཚོགས་གོང་མའི་འོས་བསྡུའི་རྒྱལ་ཁ་ཐོབ།


༄༅།། ཨ་མི་རི་ཀའི་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་གདན་ཐོབ་དེ་དམངས་གཙོ་ཚོགས་པའི་འོས་མི་ར་ཧྥེལ་ཝར་ནོག་ལ་ཐོབ་པ་སྟེ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱབ་གཉེར་བྱས་པའི་སྤྱི་མཐུན་ཚོགས་པའི་འོས་མི་ཧར་ཤཱལ་ཝོལ་ཀར་ལ་ཕམ་ཉེས་བྱུང་། ཕྱི་ཟླ་༡༢་པའི་ཚེས་༧་ཉིན་ཨེ་ཊི་ལན་ཊ་ཇཱར་ནལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟ་རན། ར་ཧྥེལ་ཝར་ནོག་ལ་འོས་འདེམས་ཀྱི་རྒྱབ་ཁ་ཐོབ་ནས་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༥༡་གི་གདན་གྲངས་དང་སྤྱི་མཐུན་ཚོགས་པར་འཐུས་མི་༤༩་ཡི་གདན་གྲངས་ཐོབ། ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཨ་མི་རི་ཀར་བར་མའི་འོས་བསྡུ་བྱས་པའི་སྐབས་སུ་དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་དང་སྤྱི་མཐུན་ཚོགས་འོས་མི་ཝོལ་ཀར་གཉིས་ཀར་འོས་ཤོག་བརྒྱ་ཆ་༥༠་ཐམ་པ་རེ་མ་ལོངས། དེར་བརྟན་འཇོར་ཇཱི་ཡ་མངའ་སྡེའི་ཁྲིམས་ལུགས་ལྟར་ཕྱི་ཟླ་༡༢་པའི་ཚེས་༦་ཉིན་བསྐྱར་དུ་འོས་འདེམས་བྱས་ཏེ་ར་ཧྥེལ་ཝལ་ནོག་ལ་འོས་ཤོག་བརྒྱ་ཆ་༥༡.༤་དང་ཧར་ཤཱལ་ཝོལ་ཀར་ལ་འོས་ཤོག་བརྒྱ་ཆ་༤༦.༦་ཐོབ་ཡོད་པའི་གནས་ཚུལ་ཐོན། ༢༠༢༢་ལོའི་ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་ཉུང་ཤས་ཤིག་གི་གདན་གྲངས་མང་བ་ཐོབ། གཟའ་མིག་དམར་ཉིན་ར་ཧྥེལ་ཝར་ནོག་བསྐྱར་དུ་འོས་འདེམས་བྱུང་སྟེ་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཆུང་ཁག་ཏུ་དམངས་གཙོ་ཚོགས་པའི་འཐུས་མི་མང་བ་བསྐོ་འཇོག་བྱེད་ཆོག་པར་གྱུར། སྤྱི་མཐུན་ཚོགས་པའི་འོས་མི་ཝོལ་ཀར་ལ་ཕམ་ཉེས་བྱུང་བ་དེས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ལྟ་བ་དང་ལངས་ཕྱོགས་ལ་ཨ་རིའི་མི་དམངས་རྣམས་འཐད་པ་མེད་པ་དང་ཌོ་ནལ་ཊམ་གྱི་ཤུགས་རྐྱེན་ཉམས་ཀྱི་ཡོད་པའི་རྟགས་སུ་མངོན། ༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་མ་རེད་ཅེས་བསྙོན་འཛུགས་བྱེད་མཁན་སྤྱི་མཐུན་ཚོགས་པའི་འོས་མི་ཇི་སྙེད་ཅིག་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱབ་གཉེར་བྱས་ཀྱང་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མེད་པའི་གནས་ཚུལ་ཐོན་འདུག

འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་བསྡུ་དེར་སྲིད་དོན་ཚོགས་པ་གཉིས་ཀས་ཨ་སྒོར་དུང་ཕྱུར་༤་དང་ས་ཡ་༡་ལྷག་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ལ་འགྲོ་གྲོན་བཏང་ཞིང་། འདི་ནི་ཨ་མི་རི་ཀའི་ལོ་རྒྱུས་ནང་དུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགྲོ་གྲོན་ཆེ་ཤོས་སུ་གྱུར། འཇོར་ཇཱི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་བྷ་རེན་ཀེམ་ཕེས་དམངས་གཙོ་ཚོགས་པས་རང་གི་རྒྱབ་སྐྱོར་བ་ཚོར་སྐུལ་སློང་བྱས་ཐུབ་ཡོད་པ་དང་སྲིད་དོན་ཚོགས་པ་གཉིས་ཀྱི་གང་གི་ཁོངས་སུ་མ་ཞུགས་པའི་བར་གནས་པ་ཚོས་ཀྱང་ཝར་ནོག་ལ་འོས་ཤོག་འཕངས་ཏེ་དམངས་གཙོ་ཚོགས་པའི་ཐབས་ཇུས་དེར་གྲུབ་འབྲས་ཐོན་སོང་ཞེས་བསྒྲགས། སྤྱི་མཐུན་ཚོགས་པའི་འོས་མི་ཝོལ་ཀར་གྱིས་ང་ཚོས་འགྲན་སྡུར་རྣོ་ངར་ལྡན་པ་ཞིག་བྱས་པ་ཡིན། ང་ལ་ལན་ཁག་དཀྲི་ས་ཅི་ཡང་མེད། ང་ཚོས་རང་གི་མི་ཚེའི་ནང་དུ་ལན་ཁག་དཀྲིས་ནས་ཁུངས་འཁྱོལ་གྱི་མ་རེད་ཅེས་འོས་འདེམས་ཀྱི་ཕམ་ཉེས་བྱུང་བ་ཁས་བླངས། དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་གིས་འོས་འདེམས་ལས་འགུལ་དུས་སུ་སྲིད་དོན་ཚོགས་པ་གཉིས་ཀའི་མི་མང་འོས་ཤོག་འཕེན་མཁན་ཚོ་འགུགས་ཐབས་དང་འཇོར་ཇཱི་ཡའི་སྤྱི་དམངས་བགྲེས་སོང་ཚོར་སྨན་ཡོན་གཅོག་ཐབས་བྱ་རྒྱུ། ཉེས་ཁྲིམས་ཀྱི་ལམ་སྲོལ་ཁག་ལ་ལེགས་བཅོས་གཏོང་རྒྱུའི་དྲིལ་བསྒྲགས་བྱས་ཤིང་། འོས་འདེམས་ཀྱི་རྒྱལ་ཁའི་གཏམ་བཤད་སྐབས་སུའང་ར་ཧྥེལ་ཝར་ནོག་གིས་ངས་འཇོར་ཇཱི་ཡའི་མི་དམངས་རྣམས་ལ་ཞུ་རྒྱུ་ཞིག་ནི་ཁྱེད་ཚོས་ང་ལ་འོས་ཤོག་འཕངས་མེད་ཀྱང་ཁྱད་པར་མེད། ངས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འཇོར་ཇཱི་ཡའི་མི་དམངས་ཀུན་གྱི་བདེ་སྡུག་དོན་དུ་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཞེས་ཁས་ལེན་བྱས་འདུག

ཧར་ཤཱལ་ཝོལ་ཀར་གྱིས་དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་ནི་སྲིད་འཛིན་བྷ་ཌན་གྱི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་པ་དང་འཇོར་ཇཱི་ཡ་མངའ་སྡེའི་མི་དམངས་ཀྱི་བདེ་དོན་སྒྲུབ་མཁན་ཞིག་མ་རེད་ཅེས་ཨ་མི་རི་ཀར་ཡུལ་ཐང་འཕར། སྲིད་འཛིན་བྷ་ཌན་གྱི་རྒྱལ་ཁབ་སྐྱོང་སྟངས་ལ་མི་མང་བློ་ཁ་མ་ཚིམས་པ་ཤུགས་ཆེན་པོ་ཡོད་པ་ཐེར་འདོན་བྱས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ། དམངས་གཙོ་ཚོགས་པའི་འོས་མི་ཝར་ནག་གིས་རང་གི་ཁ་གཏད་པ་ཝོལ་ཀར་ནི་མི་དྲག་རྩུབ་ཅན་དང་རྫུན་རྐྱལ། ཁོ་པ་ཡིད་རྟོན་རུང་བའི་མི་ཞིག་མ་རེད། ཐ་ན་སྤྱི་མཐུན་ཚོགས་པའི་ཚོགས་མི་བརྟན་པོ་རྣམས་ཀྱང་ཧར་ཤཱལ་ཝོལ་ཀར་ལ་ཡིད་ཆེས་བརླགས་ཡོད་པ་རེད་ཅེས་སྐྱོན་རྣམས་བཏོན། ཝོལ་ཀར་གྱིས་ཨ་རིའི་དྲིན་གཟོའི་དུས་ཆེན་སྐབས་སུ་ཉིན་ལྔར་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་མ་སྤེལ་བ་དང་གསར་འགོད་པའི་དྲི་བ་ཁག་ལ་ལན་མ་བཏབ། གལ་སྲིད་ཁོ་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་སྲིད་ཇུས་དང་འཆར་གཞི་ཅི་ཡོད་ཅེས་དྲིས་ཀྱང་ལན་འདེབས་བྱ་རྒྱུར་གཡོལ། དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་གིས་འོས་འདེམས་ཀྱིས་དྲིལ་བསྒྲགས་ལས་འགུལ་མཚམས་མ་ཆད་པར་སྤེལ་བ་དང་དྲིན་གཟོའི་དུས་ཆེན་རྗེས་སུ་སྔོན་ནས་འོས་ཤོག་འཕེན་རྒྱུ་འགོ་ཚུགས་སྟེ་མི་དམངས་ལ་འོས་ཤོག་འཕེན་དགོས་པའི་སྐུལ་ལྕག་བཏང་བར་ནུས་པ་ཐོན། འཇོར་ཇཱི་ཡའི་སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོས་འོས་ཤོག་སྔོན་ནས་འཕེན་ཆོག་པའི་ལམ་ལུགས་དེ་འགོག་དགོས་པའི་འབད་བརྩོན་བྱས་པར་ལྡོག་ཕྱོགས་ཀྱི་འབྲས་བུ་སྨིན། འཇོར་ཇཱི་ཡའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོས་སྔོན་ནས་འོས་ཤོག་འཕེན་རྒྱུ་འགོག་གི་ཡོད་པ་ནི་མི་དམངས་ཀྱི་འོས་འདེམས་ཐོབ་ཐང་འཕྲོག་གི་ཡོད་པ་ཞིག་རེད་ཅེས་དྲིལ་བསྒྲགས་འགྲོ་གྲོན་བསྡུས། སྤྱི་མཐུན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་དགག་པ་བརྒྱབ་ནས་ནུས་པ་ཆེན་པོ་ཐོན་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་འཇོར་ཇཱི་ཡ་མངའ་སྡེར་རྫོང་ཁག་༡༥༩་ཡོད་པ་དེའི་ནང་ནས་དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་ལ་རྫོང་ཁག་༡༤༦་གི་ནང་དུ་རྒྱབ་སྐྱོར་བ་མང་བ་ཐོབ་ཅིང་། ར་ཧྥེལ་ཝར་ནོག་གིས་ཨ་སྒོར་དུང་ཕྱུར་༡་དང་བྱེ་བ་༧་མ་ཟིམ་ཙམ་ཞིག་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ལ་འགྲོ་གྲོན་བཏང་ཞིང་། འདི་ནི་སྤྱི་མཐུན་ཚོགས་པའི་འོས་མི་ཝོལ་ཀར་ལས་ལྡབ་གསུམ་ལྷག་དྲིལ་བསྒྲགས་འགྲོ་གྲོན་མང་བ་བསྡུ་ཐུབ་པར་གྱུར། ད་ལོའི་བར་མའི་འོས་བསྡུའི་སྐབས་སུ་ཨ་རིའི་དམངས་གཙོ་ཚོགས་པར་ཨ་རི་ཛོ་ན་མངའ་སྡེ་དང་ནེ་ཝ་ཎ་མངའ་སྡེ་གཉིས་སུའང་རྒྱལ་ཁ་ཐོབ། ༢༠༢༠་ལོའི་ཨ་རིའི་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་འཛིན་བྷ་ཌན་ལ་འཇོར་ཇཱི་ཡ་མངའ་སྡེའི་འོས་ཤོག་ཐོབ་པར་མ་ཟད། མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝི་ཌི་ཕུར་དྷུ་དང་ཀེ་ལི་ལོབ་ལར་གཉིས་ཕམ་སྟེ་དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་དང་ཇཱོན་ཨོ་སོབ་གཉིས་རྣམ་པར་རྒྱལ། ལོ་འདིར་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་མི་དེར་མི་རིགས་ནག་པོ་རེ་བདམས། ཨེ་ཊི་ལན་ཊ་ཇཱར་ནལ་ཚོགས་པར་གྱིས་ཝར་ནོག་དང་ཝོལ་ཀར་གཉིས་ཀྱི་ཤ་མདོག་ནག་པོ་ཡིན་པ་འདྲ་བ་མ་གཏོགས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས། སྒེར་གྱི་ཁྱད་ཆོས་སོགས་གཅིག་ཀྱང་འདྲ་ས་མི་འདུག་ཅེས་གནས་ཚུལ་སྤེལ། སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་དང་འཕྲོད་བསྟེན་ལྟ་སྐྱོང་ཡར་རྒྱས། སྨན་ཡོན་ཆུང་དུ་གཏོང་བའི་ཁྲིམས་གཞི་ཁག་ལ་ཝར་ནོག་གིས་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། སྲིད་འཛིན་བྷ་ཌན་གྱིས་སློབ་ཕྲུག་གི་བུ་ལོན་ཆག་ཡང་གཏོང་རྒྱུ་དང་འཇོར་ཇཱི་ཡ་མངའ་སྡེར་ཚུགས་ཡོད་པའི་ཨ་རིའི་མཚོ་སྲུང་དམག་སྒར་ཞིག་སྒོ་རྒྱག་འཆར་བྱས་པ་སོགས་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཝར་ནོག་བསྐྱར་དུ་འདེམས་ཐོན་བྱུང་མེད་ཚེ། དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༥༠་ཐམ་པ་དང་སྤྱི་མཐུན་ཚོགས་པར་འཐུས་མི་༥༠་ཐམ་པ་བཅས་ཆ་མཉམ་བྱུང་ཡོད་ཤས་ཆེ། སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རཱི་སིའི་འོས་ཤོག་གིས་དམངས་གཙོ་ཚོགས་པར་འོས་ཤོག་༥༡་ལོངས་རྒྱུ་ཡིན་མོད། ད་ལྟ་འཇོར་ཇཱི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་འོས་མི་ཝར་ནོག་ལ་གྲོས་ཚོགས་གོང་མའི་འཐུས་མིའི་གདན་གྲངས་ཐོབ་སྟེ་སྲིད་དོན་ཚོགས་པ་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༥༡་ལོན། སྲིད་འཛིན་གཞོན་པའི་འོས་ཤོག་བསྡོམས་ན་དམངས་གཙོ་ཚོགས་པར་འོས་གྲངས་༥༢་ལོངས་འདུག སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་ཁྲིམས་དཔོན་རྣམས་བསྐོ་བཞག་བྱ་རྒྱུ་དང་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གིས་ཐག་གཅོད་བྱས་པའི་ཁྲིམས་གཞི་ཁག་གྲོས་ཚོགས་གོང་མའི་ནང་དུ་འགོག་ཐུབ་པའི་ནུས་པ་ཐོན་ཐུབ་རྒྱུ་གསལ་པོ་རེད། ཨ་མི་རི་ཀའི་མི་འབོར་འཕེལ་འགྲིབ་ཀྱི་དབང་གིས་འཇོར་ཇཱི་ཡ་མངའ་སྡེ་སྔར་བཞིན་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་མང་ཡོད་པའི་མངའ་སྡེ་ཞིག་ཡིན་པའི་ངེས་པ་བྲལ། ལྷག་པར་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་སྤྱི་མཐུན་ཚོགས་པར་ཤུགས་རྐྱེན་ཐེབས་ཚེ། སྤྱི་མཐུན་ཚོགས་པའི་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་ཚོགས་མི་རྣམས་དང་མི་རིགས་དཀར་པོ་སློབ་ཆེན་ཐོན་པའི་ཤེས་ཡོན་ཅན། སྲིད་དོན་ཚོགས་པ་གཉིས་ཀྱི་ཁོངས་སུ་ཞུགས་མེད་པའི་བར་གནས་ཀྱི་མི་མང་འོས་ཤོག་འཕེན་མཁན་ཚོས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱ་ཤིན་ཏུ་དཀའ། མདོར་ན་༢༠༢༤་ལོར་ཌོ་ནལ་ཊམ་སླར་ཡང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བདམས་ན་འོས་འདེམས་ཀྱི་གྲུབ་འབྲས་དེ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ཚོད་དཔག་བྱེད་ཐུབ་པ་ཞིག་མ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG