ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་ཡག་ཏུ་ཕྱིན་པར་རྒྱ་ནག་གིས་བློ་འཚབ། 


ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ཐུག་འཕྲད།
ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ཐུག་འཕྲད།

༄༅།། ཨ་མི་རི་ཀས་ཨེ་ཤི་ཡ་གཙིགས་སུ་འཛིན་གྱི་ཡོད་པའི་སྐབས་སུ་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་བཟང་དུ་འགྲོ་བཞིན་པར་རྒྱ་ནག་གིས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༥་པའི་ཚེས་༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཨ་མི་རི་ཀར་འབྲེལ་བ་དམ་ཟབ་འཛིན་རྒྱུ་ཡིན། ཨེ་ཤི་ཡའི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་པར་གདོང་ལེན་མཉམ་དུ་བྱ་དགོས་པའི་གྲོས་མཐུན་བྱུང་། རྒྱ་ནག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨ་མི་རི་ཀ་གསུམ་གྱིས་དམག་དོན་མཉམ་འབྲེལ་འཛུགས་སྲིད་པའི་བློ་འཚབ་བྱེད་མགོ་བརྩམས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་ཁྱིམ་མཚེས་ཡིན་པ་དང་ང་ཚོས་ཆབ་སྲིད་གཞི་རྩར་བཟུང་སྟེ་ཕྱོགས་གསུམ་གྱི་མཉམ་འབྲེལ་ཡར་རྒྱས་དང་སྲ་བརྟན་གཏོང་དགོས། ང་ཚོས་འབྲེལ་བ་བཟང་པོ་ཞིག་འཛུགས་རྒྱུའི་ཆོད་སེམས་བརྟན་པོ་འཛུགས་དགོས་ཞེས་ནན་བརྗོད་བྱས་འདུག ལྷོ་ཀོ་རི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཀྱང་ལྷོ་ཀོ་རི་ཡ་དང་ཉི་ཧོང་། རྒྱ་ནག་གསུམ་གྱི་འགོ་ཁྲིད་ཚོ་ཐུག་འཕྲད་བྱ་དགོས་ཞེས་སྨྲས།།

ཁ་སྔོན་ཕྱི་ཟླ་༣་པའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་ཉི་ཧོང་ལ་འཚམས་འདྲིར་ཕེབས་པ་དང་གཟའ་འཁོར་འདིར་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་ལྷོ་ཀོ་རི་ཡར་ཉི་མ་གཉིས་ཀྱི་འཚམས་འདྲིར་འབྱོར། ཉམས་ཞིབ་པ་ཚོས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འགོ་ཁྲིད་ཚོས་རྒྱ་ནག་ཅེས་གླེང་སློང་བྱས་མེད་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པའི་འགག་རྩ་ནི་རྒྱ་ནག་ལ་ཐུག་འདུག་ཅེས་བསྟན། རྒྱ་ནག་གི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ལིའུ་ཅང་ཡུང་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་མཛའ་འབྲེལ་དུས་ཡུན་ཅི་ཙམ་ལ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་བཤད་དཀའ། ཡིན་ནའང་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་ཨ་མི་རི་ཀར་དམག་དོན་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འབྲེལ་བ་ཟབ་ཏུ་གཏོང་གི་ཡོད་པ་ནི་བློ་འཚབ་བྱ་དགོས་པ་ཞིག་རེད། ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་ཡག་ཏུ་ཕྱིན་ན་རྒྱ་ནག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པར་འགལ་རྐྱེན་འབྱུང་སྲིད། ཨ་མི་རི་ཀས་རྒྱ་ནག་བཀག་སྐྱིལ་བྱ་དགོས། ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨ་མི་རི་ཀ་གསུམ་གྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཤས་ཆེ། འདི་ནི་རྒྱ་ནག་དང་ཨུ་རུ་སུ། བྱང་ཀོ་རི་ཡ་གསུམ་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡིན་ངེས་རེད་ཅེས་བཀྲལ།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ཀི་ཤི་དྷ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ནི་ལོ་༡༢་ཀྱི་ནང་དུ་ཉི་ཧོང་གི་སྲིད་བློན་ཞིག་རྒྱལ་ཁབ་དེར་འཚམས་འདྲིར་བསྐྱོད་པ་ཐེངས་དང་པོ་ཡིན་མོད། འོན་ཀྱང་༡༩༡༠་ནས་༡༩༤༥་བར་དུ་ཉི་ཧོང་གིས་ཀོ་རི་ཡར་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་ནག་ཉེས་ལ་བཟོད་གསོལ་མ་ཞུས། སྲིད་བློན་ཀི་ཤི་དྷས་ཉི་ཧོང་གི་སྲིད་གཞུང་སྔོན་མ་ཚོས་བཟོད་གསོལ་ཞུས་ཟིན་ཡོད། ང་སྒེར་ངོས་ནས་སྐབས་དེའི་གནས་སྟངས་འོག་ཏུ་མི་མང་པོས་དཀའ་སྡུག་ཚད་མེད་མྱངས་པར་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་ལ་ཐུག་འཕྲད་རྗེས་སུ་གསལ་བསྒྲགས་སྤེལ། སྲིད་འཛིན་ཡོལ་སུག་ཡོལ་ནས་ལོ་རྒྱུས་ཀྱི་རྩོད་གཞི་ཐག་གཅོད་མ་བྱུང་ཡང་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་འགོག་རྐྱེན་བཟོ་རུ་འཇུག་མི་ཉིན་ཞེས་བཤད། ཨ་མི་རི་ཀས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པར་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ།།

ལྷོ་ཀོ་རི་ཡའི་དམངས་གཙོ་ཕྱོགས་འགལ་ཚོགས་པས་སྲིད་འཛིན་ཡོན་སུག་ཡོལ་གྱིས་ཉི་ཧོང་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་ནི་ངོ་གནོང་གི་ཕྱི་འབྲེལ་ཞིག་རེད། སྲིད་འཛིན་ཡོན་སུག་ཡོལ་གྱིས་ལོ་རྒྱུས་ལ་བརྩི་མེད་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་དགོས་པའི་རྒྱུ་མཚན་མེད་ཅེས་སྐྱོན་བཙུགས། རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧྲི་དབྱིན་ཧོང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་རྒྱ་ནག་ལ་འབྲེལ་བ་ཡོད་པའི་གནད་དོན་གསུམ་སྟེ། ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ། ཡུཀ་རེན་གྱི་བཅས་ཀྱི་ཐོག་ཏུ་ཨ་མི་རི་ཀ་དང་ཉི་ཧོང་གི་ཕྱོགས་སུ་ལངས་པ་ནི་ཧང་སང་དགོས་པ་ཞིག་རེད། ཨ་མི་རི་ཀས་ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་བར་དཀྲུག་ཤིང་བསླངས་ནས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨ་མི་རི་ཀ་གསུམ་གྱི་དམག་དོན་འབྲེལ་བ་སྲ་བརྟན་གཏོང་གི་འདུག ཉི་ཧོང་དང་ལྷོ་ཀོ་རི་ཡའི་གཡས་ཐལ་ཅན་ཚོས་ལོ་རྒྱུས་ཀྱི་ཞེ་འཁོན་བཅངས་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བརྟན་པོ་ཞིག་འབྱུང་མི་སྲིད་ཅེས་བཤད།།

ཕྱི་ཟླ་༥་པའི་ཚེས་༨་ཉིན་ཉི་ཧོང་གི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ཀི་ཤི་དྷ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ནི་ལོ་༡༢་ཀྱི་ནང་དུ་ཉི་ཧོང་གི་སྲིད་བློན་ཞིག་རྒྱལ་ཁབ་དེར་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་རེད། དེ་བཞིན་སྲིད་བློན་ཀི་ཤི་དྷས་ཡིད་གཟབ་ཀྱིས་ཀོ་རི་ཡ་ཉི་ཧོང་གི་དབང་བསྒྱུར་འོག་ཏུ་ཚུད་པར་བློ་ཕམ་ཡོད་ཅེས་སྒེར་ངོས་ནས་བཟོད་གསོལ་ཞུས་འདུག དེས་ན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་སྟོབས་ཤུགས་སྣོན་མ་ཞིག་ཐོབ། དབུ་ཁྲིད་གཉིས་ཀས་ཐེངས་འདིའི་ཆེས་མཐོའི་ལྷན་འཛོམས་ཀྱི་གྲུབ་འབྲས་ཁག་གཙོ་བོར་འཛིན་གྱི་ཡོད་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བརྟན་པོ་ཞིག་མ་རེད་ཅེས་དཔྱད་སྡོམ་བརྒྱབ། ཉི་ཧོང་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥་པའི་ཚེས་༡༩་ནས་༢༡་བར་དུ་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་དུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་འགོ་ཁྲིད་ཚོ་ཚོགས་འདུ་མ་ཚོགས་གོང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་འདུག

ཉི་ཧོང་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༤་པའི་ནང་སྲིད་བློན་ཀི་ཤི་དྷས་བངྒ་ལའི་སྲིད་བློན་ལ་ཐུག་འཕྲད་བྱས་པ་དང་དེ་ནས་ཨ་ཧྥི་རི་ཀའི་རྒྱལ་ཁབ་འགའ་ཞིག་ལ་འཚམས་འདྲིར་ཕེབས་རྒྱུའི་མཛད་རིམ་ལ་གཏན་ལ་ཕབ། སྲིད་བློན་ཀི་ཤི་དྷར་ལས་བྲེལ་ཆེ་བའི་དུས་སུ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ནི་ཉེ་ཆར་ཕྱི་ཟླ་༣་པའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཉི་ཧོང་ལ་འཚམས་འདྲིར་ཕེབས་པར་བཟང་ལན་སློག་པའི་ཆེད་དུ་རེད། ཉི་ཧོང་གི་གཞུང་འཛིན་དམགས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་རྙིང་ཞེན་ཅན་ཚོས་སྲིད་བློན་ཀི་ཤི་དྷས་ལྷོ་ཀོ་རིཡར་བཟོད་གསོལ་ཞུས་པར་ཁ་རྡུང་དྲག་པོ་གཏོང་གི་ཡོད་པར་མ་ཟད། ཁོ་ཚོས་སྲིད་བློན་གྱི་མཛད་རིམ་ནང་དུ་བཟོད་གསོལ་ཞུ་རྒྱུའི་སྐད་ཆ་ཚིག་གཅིག་འཁོད་མེད་ཟེར། ཉི་ཧོང་བ་ཁག་ཅིག་གིས་སྲིད་བློན་ཀི་ཤི་དྷས་ལྷོ་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པར་དགའ་བསུ་ཡོད་ཅེས་ལྟ་ཚུལ་བརྗོད། ཉི་ཧོང་གི་རྙིང་ཞེན་ཅན་ཚོས་ལྷོ་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་ཐབས་ཅི་ཙམ་བྱས་ཀྱང་ལྷོ་ཀོ་རི་ཡ་ལོ་རྒྱུས་ཀྱི་ཞེ་འཁོན་འོག་ནས་ཐར་གྱི་མི་འདུག་ཅེས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་མིན་ཐད་དོགས་སློང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཀོ་རི་ཡའི་བུ་མོ་འབུམ་ཕྲག་མང་པོ་བཙན་ཁྲིད་ཀྱིས་ཉི་ཧོང་གི་དམག་མིས་ཆགས་སྤྱོད་བྱ་ཡུལ་གཞང་ཁང་གཉེར།
འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཀོ་རི་ཡའི་བུ་མོ་འབུམ་ཕྲག་མང་པོ་བཙན་ཁྲིད་ཀྱིས་ཉི་ཧོང་གི་དམག་མིས་ཆགས་སྤྱོད་བྱ་ཡུལ་གཞང་ཁང་གཉེར།

ཉི་ཧོང་དང་ལྷོ་ཀོ་རི་ཡའི་འགལ་ཟླ་གཙོ་བོ་ཞིག་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཀོ་རི་ཡའི་བུ་མོ་འབུམ་ཕྲག་མང་པོ་བཙན་ཁྲིད་ཀྱིས་ཉི་ཧོང་གི་དམག་མིས་ཆགས་སྤྱོད་བྱ་ཡུལ་གཞང་ཁང་གཉེར། ཀོ་རི་ཡའི་བུད་མེད་དེ་ཚོར་བདེ་སྟེར་བུད་མེད་ཅེས་མིང་བཏགས། ཉི་ཧོང་དང་ལྷོ་ཀོ་རི་ཡའི་འགལ་ཟླ་གཞན་པ་ཞིག་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཉི་ཧོང་གིས་ལྷོ་ཀོ་རི་ཡའི་མི་དམངས་རྣམས་ངལ་རྩོལ་བཙན་བཀོལ་བྱས་པར་དངུལ་སྒོར་གྱོང་གསབ་སྤྲོད་དགོས་ཞེས་ལྷོ་ཀོ་རི་ཡའི་ཁྲིམས་ཁང་གིས་ཐག་བཅད། དེར་བརྟེན་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་སྡུག་ཏུ་སོང་། གཟའ་ཟླ་བའི་ཉིན་སན་ཀེ་ཤིམ་བྷུན་ཉིན་རེའི་ཚགས་པར་ལ་དམག་འཁྲུག་དུས་སུ་ངལ་རྩོལ་བཀོལ་བ་ནི་ཉི་ཧོང་གཅིག་པུ་ག་ལ་ཡིན། ཉི་ཧོང་གིས་བཟོད་གསོལ་ཞུ་དགོས་དོན་མེད། ང་ཚོར་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ངལ་རྩོལ་བཙན་བཀོལ་བྱས་པའི་སྐྱོན་འཛུགས་ཕོག་ཡོད་པ་དང་སྲིད་བློན་ཀི་ཤི་དྷས་བཟོད་གསོལ་ཞུས་པ་དེས་ཉི་ཧོང་ལ་ནག་ཉེས་ཡོད་པ་ངོས་ལེན་བྱས་པ་མཚོན་ཐུབ་ཅེས་ཆེད་བརྗོད་སྤེལ།།

ཕྱི་ཟླ་༥་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ཐེངས་ཀྱི་ཐུག་འཕྲད་འདི་ཟླ་བ་གཉིས་ཀྱི་ནང་ཚུད་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཟུང་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་གཉིས་པ་ཡིན་ཞིང་། ཉམས་ཞིབ་པ་ཁག་ཅིག་གིས་ལོ་མང་རྗེས་སུ་ཨེ་ཤི་ཡའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་བ་དང་ཝ་ཤིང་ཊོན་དང་སོལ། ཀྲོག་ཀིའོ་བཅས་ཕྱོགས་གསུམ་གྱི་འབྲེལ་བ་ཡར་རྒྱས་གཏོང་བའི་གོ་སྐབས་གསར་པ་ཞིག་བྱུང་སོང་ཞེས་གླེང་། སྲིད་འཛིན་ཡོན་སུག་ཡོལ་གྱིས་ཨ་རི་དང་ཉི་ཧོང་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུང་ཕྲན་མཚོན་ཆའི་ཉེན་ཁ་འགོག་རྒྱུའི་གྲོས་མཐུན་ཁག་མྱུར་དུ་ལག་ལེན་བསྟར་གྱི་འདུག མ་འོངས་པར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་ཟློག་པར་ལྷོ་ཀོ་རི་ཡའི་གཞུང་གིས་ཉི་ཧོང་ལ་གྲོས་སྡུར་བྱས་ནས་ལས་དོན་མཉམ་སྒྲུབ་བྱེད་སྲིད་ཅེས་གསལ་བསྒྲགས་སྤེལ། ཟླ་མཇུག་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་དང་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གསུམ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ལྷོ་ཀོ་རི་ཡ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་གྲས་སུ་མེད་ཀྱང་སྲིད་འཛིན་ཡོན་སུག་ཡོལ་སྐུ་མགྲོན་ལ་གདན་འདྲེན་ཞུས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG