ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་དེའི་ནུས་པ།  


༄༅།། ༢༠༡༧་ལོར་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀའི་སྲིད་འཛིན་རིམ་པ་ཞིག་གིས་རྒྱ་ནག་ལ་ལག་ལེན་བསྟར་ཐུབ་མེད་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་འགོ་ཚུགས། ཐོག་མར་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་དང་རྒྱ་ནག་ལ་ཚོང་ལས་བཀག་སྡོམ། ཨ་རིའི་ས་ཐོག་ཏུ་བཅའ་སྡོད་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་དམ་དྲག ཨ་མི་རི་ཀའི་སློབ་ཆེན་ཁག་དང་ཉམས་ཞིབ་པ་ཚོར་རྒྱ་ནག་གིས་དངུལ་སྒོར་སྤྲད་ནས་བསླུ་བྲིད་བྱེད་ཀྱི་ཡོད་པར་ཞིབ་འཇུག ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྦྱོང་བྱེད་འགོ་ཚུགས་ནས་རྒྱ་ནག་གིས་ཐུབ་ཚོད་བྱ་ཡུལ་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་དམག་གི་འབྲེལ་བ་རྒྱ་སྐྱེད། ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་པ། ཨ་མི་རི་ཀས་འགོ་ཁྲིད་ནས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་བའི་ལན་ཁག་ཡོད་ཅེས་སྐྱོན་བཙུགས། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་དགྲར་འཛིན་སྡང་ཟུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ང་ཚོས་ཨ་མི་རི་ཀར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་མེད། ཡིན་ནའང་རྒྱ་ནག་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད། རྒྱ་ནག་གི་ཐག་གཅོད་ཁག་ལ་ཨ་མི་རི་ཀས་བརྩི་འཇོག་བྱ་དགོས་ཞེས་ཕྱོགས་གཅིག་ནས་སྤོབས་གཏམ་བཤད་པ་དང་ཕྱོགས་གཞན་ཞིག་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་སོང་སྟེ་རྒྱ་ནག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་སེལ་ཐབས་ཀྱི་ལམ་ཞིག་འཚོལ་འགོ་ཚུགས་འདུག

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་ཝང་དབྱིས།
རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་ཝང་དབྱིས།

ཕྱི་ཟླ་༧་ཚེས་༩་ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨ་མི་རི་ཀའི་གྲོགས་པོ་ཁག་ཅིག་དོགས་ཟོན་ཅན་དུ་གྱུར་པའམ། ཡང་ན་རྒྱ་ནག་ལ་གཏན་ནས་བློ་མི་ཁེལ་བ་ཞིག་ཏུ་གྱུར་འདུག ཡིན་ནའང་ངས་གསལ་པོ་བྱས་ནས་བཤད་ཆོག རྒྱ་ནག་ལ་ནམ་ཡང་ཨ་མི་རི་ཀར་ཁ་གཏད་གཅོག་འདོད་དང་ཨ་རིའི་ཚབ་ཤུལ་འཛིན་རྒྱུ། ཨ་མི་རི་ཀར་གདོང་ཐུག་དྲག་པོ་ཞིག་རྒྱག་རྒྱུའི་ཀུན་སློང་མེད། ང་ཚོས་སེམས་ཁུར་བྱ་དགོས་པ་གཙོ་བོ་ནི་རང་གི་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དེ་ཡིན། སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེངས་མང་པོར་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་ལམ་ལྷོངས་ལྡན་དུ་འཇུག་དགོས་པ་དེར་རྒྱུ་མཚན་སྟོང་ཕྲག་དུ་མ་ཡོད། དེ་ལ་གཏོར་བཤིག་འཕོག་ཏུ་འཇུག་མི་ཉན་ཞེས་ནན་བརྗོད་བྱས་མྱོང་། ད་ལྟ་རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་ཅི་ཞིག་གཉེར་ཀྱང་དེ་ལ་ཆབ་སྲིད་ཀྱི་ཀུན་སློང་ཡོད་པ་དང་རྒྱ་ནག་གི་སློབ་ཕྲུག་ཚང་མ་གསང་ཉུལ་ཡིན་པའི་ངོས་འཛིན། རྒྱ་ནག་གིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་ལས་རིགས་གཉེར་གྱི་ཡོད་པ་ཐམས་ཅད་ལ་ལྐོག་ཏུ་དམིགས་ཡུལ་ངན་པ་ཞིག་འདུག་ཅེས་དོགས་ཟོན་བྱེད་ཀྱི་འདུག འདི་ནི་ཨ་མི་རི་ཀ་རྣམ་རྟོག་གི་དྲྭ་བར་ཚུད་པ་ཞིག་རེད་ཅེས་པེ་ཅིང་སློབ་གྲྭ་ཆེན་མོ་དང་མི་དམངས་སློབ་གྲྭ་ཆེན་མོའི་ཨ་རྒྱའི་ཉམས་ཞིབ་ཁང་གཉིས་ཀྱིས་ལྷན་དུ་བསྡུས་པའི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཝང་དབྱིས་དྲྭ་ལམ་བརྒྱུད་ནས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་དོན། ཨ་མི་རི་ཀའི་ལངས་ཕྱོགས་དང་རྒྱ་ནག་གི་ལངས་ཕྱོགས་བཅས་ལ་གཏམ་བཤད་བྱས་ཡོད་པ་རེད།།

ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལེ་ཡུའི་ཁྲེང་གིས་ཀྱང་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་རེ་བ་ཡོད། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་ཕན་ཚུན་གཅིག་ཚབ་གཅིག་གིས་བྱེད་མི་ཐུབ། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དེ་ལྟ་གྲུབ་ལ་ཁ་ལོ་སྒྱུར་དུ་འཇུག་མི་ཉན། ཨ་མི་རི་ཀས་རྟག་ཏུ་རང་གི་ལྟ་གྲུབ་རྣམས་གཞན་གྱི་སྟེང་དུ་བཙན་འགེལ་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་སྤྱི་ཚོགས་ཀྱི་ལམ་ལུགས་མ་འདྲ་བ་རེ་དར་ཡོད། ཨ་མི་རི་ཀའི་འོས་འདེམས་དང་རྒྱལ་ནང་གི་ཆབ་སྲིད་ལ་རྒྱ་ནག་ཞོར་འདྲུད་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མིན་ཞེས་སྐྱོན་བརྗོད་བྱས་འདུག འོན་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་འདས་པའི་ལོ་མང་རིང་ཉུང་མཐར་ཡང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཨ་སྒོར་ཐེར་འབུམ་༥༠༠་ལྷག་གི་ཆ་མཉམ་མེད་པ། རྒྱ་ནག་གི་ཁྲོམ་ར་རྣམས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་སྒོ་འབྱེད་ཀྱི་མེད་པ། ཨ་མི་རི་ཀའི་ཅ་ལག་རྣམས་རྒྱ་ནག་གིས་རྫུན་བཟོ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གིས་ཨ་མི་རི་ཀའི་དམག་དོན་དང་ཚོང་ལས། དཔལ་འབྱོར་དང་གསོ་རིག ཚན་རིག་ལག་རྩལ་གྱི་ཤེས་བྱ་དང་རིག་གནས་གསར་པ་རྣམས་རྐུ་འཕྲོག་བྱེད་ཀྱི་ཡོད་པ། རྒྱ་ནག་གིས་ཨ་མི་རི་ཀར་གསང་ཉུལ་སྟོང་ཕྲག་མང་པོ་གཏོང་གི་ཡོད་པ་དང་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་ལས་བྱེད་པ་༥༠༠༠་ལྷག་གིས་རྒྱ་ནག་གཅིག་པུར་ཁ་གཏད་གཅོག་དགོས་ཐུག་གི་ཡོད་པ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ནས་ཤར་རྒྱ་ནག་རྒྱ་མཚོ། བོད་མཐོ་སྒང་གི་ཧི་མ་ལ་ཡའི་མཐའ་མཚམས་ནས་རྒྱ་གར་རྒྱ་མཚོ་བར་དུ་འཁྲུག་རྩོད་བསླངས་ནས་རྒྱ་སྐྱེད་གཏོང་གི་ཡོད་པ་བཅས་ལ་ཐུག་འདུག་ཅེས་གླེང་།།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་༡༩༧༩་ལོར་རྒྱ་ནག་དང་ཨ་མི་རི་ཀའི་ཕྱི་འབྲེལ་བཙུགས། ཨ་མི་རི་ཀའི་རྒྱབ་སྐྱོར་འོག་༢༠༠༡་ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཚུད་པ་རེད། ༢༠༡༠་ལོར་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འཛམ་གླིང་གི་ཨང་གཉིས་པར་གྱུར། ཡིན་ནའང་ད་ལྟའི་བར་དུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་ཟླ་འདི་འདྲ་ཞིག་བྱུང་མྱོང་མེད་ཅེས་བཤད། ཨ་རིའི་སྲིད་དོན་ཉམས་ཞིབ་པ་ཚོས་ལོ་འདིའི་ཕྱི་ཟླ་༡༡་པའི་ནང་དུ་ཨ་མི་རི་ཀར་སྲིད་འཛིན་དང་གྲོས་ཚོགས་འོག་གི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པས་ཨ་རིའི་སྲིད་འཛིན་གྱི་འོས་མི་གཉིས་དང་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་ལ་གུ་བཤངས་དང་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་ཁག་པོ་རེད། ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་བ། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་སྟེ་མི་༡༢༠༠༠༠༠༠་ལྷག་ལ་ནད་མནར་དང་མི་༥༥༠༠༠༠་ལྷག་ལ་འཆི་སྐྱོན། ཨ་མི་རི་ཀ་གཅིག་པུར་མི་༣༠༠༠༠༠༠་ལྷག་ལ་ནད་མནར་དང་མི་༡༣༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་བ། རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་དང་མི་དམངས་ཀྱི་རྒྱུན་ལྡན་འཚོ་བར་གཏོར་བརླག་བྱུང་བས་ཨ་མི་རི་ཀས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ལན་ཁག་རྒྱ་ནག་ལ་ཡོད་ཅེས་སྐྱོན་འཛུགས་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་ཆེད་དུ་ཚོང་ལས་དང་འགྲིམ་འགྲུལ་མཚམས་འཇོག འགྲོ་འོང་བཀག་སྡོམ་ལ་བརྟེན་ནས་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་སོང་ནས་དཀའ་ངལ་ཇེ་ཆེ། འཛམ་གླིང་ཡོངས་ཀྱི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་ཕྲུག་དུང་ཕྱུར་མང་པོ་འཛིན་གྲྭར་འཚོགས་མ་ཐུབ་པར་མི་རབས་གཅིག་གི་སློབ་སྦྱོང་ལ་བར་ཆད་བྱུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཁོང་ཁྲོ་ལང་རྒྱུ་ཤུགས་ཆེ་རུ་སོང་ཡོད་པར་མ་ཟད། ད་ལོའི་ཏོག་དབྱིབས་ནད་དུག་གིས་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་དང་དངོས་ཟོག་ཕྱིར་ཚོང་ལ་བརྟེན་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་ལའང་གྱོང་གུད་ཚབས་ཆེན་ཞིག་འཕོག་གི་ཡོད་པ་སྟེ། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཅི་ཙམ་སྡུག་ཏུ་སོང་ན་དེ་ཙམ་གྱིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག ཉི་ཧོང་དང་ཐེ་ཝན་སོགས་ཀྱི་བཟོ་ཚོང་ལས་ཁང་ཁག་རྒྱལ་ཁབ་གཞན་ལ་གནས་སྤོར་བྱས་ནས་རྒྱ་ནག་གི་བཟོ་བ་ས་ཡ་མང་པོར་ལས་ཀ་མེད་པར་འགྱུར་གྱི་ཡོད་པར་བརྟེན། རྒྱ་ནག་གིས་སོ་སོའི་ཁེ་ཕན་ཆེད་དུ་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་འདུག དཔེར་ན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་མི་ཁག་ཅིག་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་སླར་གསོ་འབྱུང་མི་ཐུབ་ཟེར་གྱི་འདུག ང་ཚོས་སྔོན་གྱི་གྲུབ་འབྲས་ལ་གཞིགས་ནས་དུས་ཀྱི་འཕོ་འགྱུར་ལ་བསྟུན་ཏེ་གོམ་པ་སྤོ་དགོས་པར་སྣང་ཆུང་གཏོང་མི་ཉན། ཨ་མི་རི་ཀས་རྒྱ་ནག་ལ་ཞི་འཇམ་དང་མཉམ་འབྲེལ་གྱི་སྲིད་ཇུས་ཤིག་འཛིན་དགོས། ཝ་ཤིང་ཊོན་གྱི་མི་ཁག་ཅིག་གིས་རྒྱ་ནག་ནི་མཐའ་གཅིག་ཏུ་ཁ་གཏད་པ་དང་དགྲ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་དགེ་མཚན་མེད་ཅེས་བཤད་མོད། ལོ་འདིའི་སྲིད་འཛིན་འོས་འདེམས་དུས་སུ་རྒྱ་ནག་ལ་འབྲེལ་བ་འཛིན་ཕྱོགས་སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀར་གནད་འགག་ཆེན་པོ་ཞིག་ཡིན་པས་ཨ་རི་དང་རྒྱ་ནག་གི་ཚོང་ལས། རྒྱ་ནག་གིས་དུས་ཐོག་ཏུ་རང་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་སྦས་གསང་བྱས་ནས་འཛམ་གླིང་ཡོངས་ལ་རིམས་ནད་ཁྱབ་གདལ་བཏང་བའི་རྩ་དོན་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པ་རེད།།

སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ང་ཚོར་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད་ཅེས་གྲོས་མགོ་བཏོན་པར་རྒྱུ་མཚན་གཞན་པའང་འདུག ཉེ་དུས་ཤིག་ནས་ཨ་མི་རི་ཀ་གཅིག་པུ་མིན་པར་ཡུ་རོབ་མཉམ་འབྲེལ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ཉི་ཧོང་། རྒྱ་གར་བཅས་འཛམ་གླིང་ལ་དམངས་གཙོའི་རྒྱལ་ཁབ་ཕལ་མོ་ཆེར་རྒྱ་ནག་ནི་འཛམ་གླིང་གི་རང་དབང་དང་དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་ཅན་ཞིག་ཡིན་པ་ངོས་ཟིན། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་རུང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རིམས་ནད་སྔོན་འགོག་བྱེད་མ་ཐུབ་པར་ཁྱབ་གདལ་སོང་བ་རེད་ཅེས་ཕར་ལ་ལན་ཁག་དཀྲི་བཞིན་ཡོད་པ། རྒྱ་ནག་ལ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཨ་མི་རི་ཀ་དང་ཨི་ཊ་ལི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་རེད་ཅེས་ལོག་འགྲེལ་བྱས་པ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ཧོང་ཀོང་གི་དྲག་གནོན་ལ་ངོ་རྒོལ། བོད་དོན་དང་ཞིན་ཅང་གི་གནད་དོན་བཅས་པ་གླེང་སློང་བྱས་ནས་རྒྱ་ནག་གཅིག་གི་རྩ་དོན་དང་རྒྱ་ནག་གི་བདག་དབང་། རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་གནད་དོན་སོགས་ལ་དོ་ཕོག་འགྲོ་སྲིད་པའི་གནས་ཚུལ་ཞིག་འབྱུང་གི་ཡོད་པས་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨ་མི་རི་ཀར་མཐུན་ལམ་བྱ་རྒྱུ་དང་ཕྱོགས་གཉིས་ཀས་ཞི་བདེ་མཉམ་གནས་བྱེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་ཞེས་འབོད་སྐུལ་ཞུས་འདུག

XS
SM
MD
LG