༡ རྒྱ་ནག་ཏུ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཀྱིས་ཁ་སང་སྤྱི་ཟླ་དང་པོའི་ཚེས་༢༩་ཉིན་གྱི་མཚན་གུང་གི་ཆུ་ཚོད་༡༢་བར་དུ་ཁྱོན་བསྡོམས་མི་༡༧༠་འདས་གྲོངས་སུ་གྱུར། རིམས་ནད་དེ་ཕོག་ཡོད་མཁན་མི་གྲངས་༧༧༡༡་ལ་སླེབས། དེའི་གྲས་སུ་རིམས་ནད་ཕོག་པ་ཚབས་ཆེན་ཡིན་མཁན་གྱི་མི་༡༣༧༠་ཡོད་པ་དང་རིམས་ནད་དེ་ཕོག་ཡོད་པར་དོགས་པ་ཡོད་སའི་མི་༡༢༦༧་ཡོད། དྲག་བསྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱི་ལ་ཐོན་ཟིན་པའི་མི་༡༢༤་བྱུང་ཡོད་ཅེས་རྒྱ་ནག་དབུས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གིས་གསལ་བསྒྲགས་བྱས་འདུག
ཁ་སང་སྤྱི་ཚེས་༢༩་ཉིན་གྱི་ཆུ་ཚོད་༢༤་རིང་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ས་གནས་༣༡་ལ་རིམས་ནད་དེ་ཕོག་ཡོད་པ་གསར་དུ་ཤེས་རྟོགས་བྱུང་ཡོད་པའི་མི་༡༣༣༧་དང་འདས་གྲོངས་སུ་གྱུར་པ་༣༡་བྱུང་ཞིང་། རིམས་ནད་དེ་ཕོག་ཡོད་པར་དོགས་པ་བྱ་སའི་མི་༤༡༤༨་བྱུང་ཡོད་པས་ཁ་སང་ཉིན་ཞག་གཅིག་གི་རིང་དུ་བྱུང་བའི་གྲངས་ཀ་དེར་གཞིགས་ཚེ། རྒྱ་ནག་ལ་རིམས་ནད་དེ་ཁྱབ་ཚད་ཧ་ཅང་ཤུགས་ཆེན་པོ་འབྱུང་གི་ཡོད་ཚོད་དཔག་བྱེད་ཐུབ།
བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་རྔ་པ་ཁུལ་གྱི་ཁོངས་གཏོགས་འབར་ཁམས་གྲོང་ཁྱེར་དུ་གློ་ཚད་གསར་པའི་རིམས་ནད་ཕོག་མཁན་གྱི་མི་གཅིག་བྱུང་འདུག་ཅེས་སྤྱི་ཚེས་༣༠་ཉིན་རྔ་པ་ཁུལ་མི་དམངས་སྲིད་གཞུང་གི་གསར་འགྱུར་ལས་ཁང་གིས་གསལ་བསྒྲགས་སྤེལ་འདུག འབར་ཁམས་སུ་རིམས་ནད་དེ་ཕོག་ཡོད་མཁན་ནི་རྒྱ་ནག་ཧུ་པེ་ཞིང་ཆེན་གྱི་ཨན་ལུའུ་གྲོང་ཁྱེར་ནས་ཡོང་བའི་ལོ་ན་༢༦་ལ་སོན་པའི་རུས་མིང་ཀོ་ཞེས་པའི་བུད་མེད་ཅིག་ཡིན་ཞིང་། སྤྱི་ཟླ་དང་པོའི་ཚེས་༢༡་ཉིན་ཧན་ཁུག་གྲོང་ཁྱེར་ནས་ཁྲེན་ཏུའུ་བར་དུ་མེ་འཁོར་ལ་བསྡད་ནས་སླེབས། སྤྱི་ཚེས་༢༢་ཉིན་ཁྲེན་ཏུའུ་ནས་སྤྱི་འཁོར་ཨང་གྲངས་ཡཱུག་༦༠༩༩༩་ཅན་ཞིག་གི་ནང་དུ་བསྡད་ནས་འབར་ཁམས་སུ་འབྱོར། ཚེས་༢༨་ཉིན་གློ་ལུ་བརྒྱབ་པ་སོགས་ནད་རྟགས་ཐོན་ནས་སྨན་ཁང་ལ་བསྟེན། དེ་རིང་སྤྱི་ཚེས་༣༠་ཉིན་རྒྱ་མོ་དེར་རིམས་ནད་དེ་ཕོག་ཡོད་པ་བརྟག་དཔྱད་ཐུབ། ད་ལྟ་རྒྱ་མོ་དེ་འབར་ཁམས་ལ་ཡོང་སའི་མེ་འཁོར་དང་སྤྱི་འཁོར་གྱི་ཨང་གྲངས་དང་འགྲོ་སྡོད་བྱ་ཡུལ་སོགས་ཀྱི་ས་གནས་ཁག་གཞུང་གིས་ཁྱབ་བསྒྲགས་བྱས་ནས་མི་དམངས་ལ་དོགས་ཟོན་ཆེན་པོ་བྱེད་དུ་འཇུག་གི་ཡོད་པ་རེད།
གཞན་ཡང་ཁ་སང་སྤྱི་ཚེས་༢༩་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཡང་རིམས་ནད་དེ་ཕོག་ཡོད་མཁན་གྱི་རྒྱ་མི་ཞིག་ཡོད་པ་ཤེས་རྟོགས་བྱུང་། ད་ལྟ་མི་དེ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ཝུ་ཁྲང་ནས་ཟི་ལིང་བར་དུ་ཡོང་སའི་མེ་འཁོར་ཨང་གྲངས་ ཟི་༢༦༤་རྟགས་ཅན་དང་ཟི་ལིང་ནས་ལྷ་སར་བསྐྱོད་སའི་མེ་འཁོར་ཨང་གྲངས་ཟི་༢༦༥་ཅན་དེའི་འཁོར་སྒམ་༡༣་པར་བསྡད་མྱོང་བའི་འགྲུལ་པ་གཞན་རྣམས་རྩད་གཅོད་ཀྱིས་རིམས་ནད་དེ་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། བོད་ཀྱི་དཀར་མཛེས་ས་ཁུལ་གྱི་ཁོངས་སུ་གློ་ཚད་གསར་པའི་རིམས་ནད་ཕོག་མཁན་གྱི་མི་༥་བྱུང་། དེ་དག་གི་གྲས་སུ་དར་རྩེ་མདོར་མི་གཉིས་དང་རྟའུ་ལ་མི་གཅིག གསེར་རྟ་ལ་མི་གཅིག འདབ་པར་མི་གཅིག་བཅས་བྱུང་འདུག དེ་མིན་བོད་པ་འདུས་སྡོད་བྱ་ཡུལ་ཟི་ལིང་གྲོང་ཁྱེར་དུ་མི་༨་ལ་རིམས་ནད་དེ་འགོས་ཡོད་པ་རྩད་གཅོད་བྱུང་འདུག
༢ རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གིས་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འཁྲིས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱི་གླིང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པའི་གསར་འགྱུར་ཞིག་རྒྱ་གར་དུས་བབ་ཚགས་པར་ཐོན་འདུག གསར་འགྱུར་དེར་ཀང་ར་རྫོང་གིས་ཧིན་སྒོར་བྱེ་བ་༡༡༠་འགྲོ་གྲོན་བཏང་ནས་རྡ་རམ་ས་ལའི་ཉེ་འཁྲིས་སུ་མི་གྲངས་༡༠༠༠་ལྷག་དུས་མཉམ་དུ་འདུ་ཤོང་ཐུབ་སའི་སྤྱི་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན། སྤྱི་གླིང་དེ་འཛུགས་སྐྲུན་བྱ་དོན་ནི་རྒྱ་གར་རྒྱལ་ཁབ་ལ་ཕྱི་ནང་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་དོ་སྣང་ཡོང་ཐབས་དང་ནང་བའི་ལོ་རྒྱུས་གསལ་སྟོན། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་མཛད་པ་བཅོས་ལ་དོ་སྣང་ཡོང་ཐབས་དང་དེ་ལ་གོ་རྟོགས་སྤེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་ཞེས་བཀྲལ།
༣ རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་གསར་པའི་རིམས་ནད་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རིམས་ནད་འདི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱ་སའི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་མིན་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ཁ་སང་ཕྱི་ཚེས་༢༩་ཉིན་ཨ་རིའི་ངོས་ནས་གློ་ཚད་གསར་པའི་རིམས་ནད་སྔོན་འགོག་ལ་ལས་དོན་ཚོགས་ཆུང་ཞིག་བཙུགས་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག
༤ རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་འདི་འཛམ་གླིང་གི་ས་ཆ་གང་སར་ཁྱབ་བཞིན་པའི་སྐབས་འདིར་ཐེ་ཝན་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་ཞུགས་བྱེད་དུ་འཇུག་དགོས་ཞེས་ཕྱི་ཚེས་༣༠་ཉིན་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེས་རེ་འདུན་བཏོན་ནས་ཐེ་ཝན་ལ་རྒྱབ་སྐྱོབ་བྱས་འདུག རྒྱ་ནག་གི་གནོན་ཤུགས་དང་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་ཅིང་། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གློ་ཚད་གསར་པའི་རིམས་ནད་སྐོར་ལ་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་པའི་སྐབས་སུའང་ཐེ་ཝན་གྱི་སྐུ་ཚབ་ཚོགས་འདུ་དེར་མཉམ་ཞུགས་བྱེད་དུ་བཅུག་མེད་པ་རེད། ད་དུང་མུ་མཐུད་དུ་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཁོངས་སུ་མཉམ་ཞུགས་བྱེད་དུ་མ་བཅུག་ན་ཐེ་ཝན་ལ་གློ་ཚད་གསར་པའི་རིམས་ནད་ཁྱབ་དུས་འགོག་སྲུང་བྱ་རྒྱུ་དེར་འགོག་རྐྱེན་ཐེབས་རྒྱུ་རེད་ཅེས་སྲིད་བློན་ཨ་བྷེས་ནན་བརྗོད་བྱས་འདུག
༥ དེ་རིང་སྤྱི་ཚེས་༣༠་ཉིན་ཉི་ཧོང་གཞུང་གིས་ཆེད་གཏོང་གནམ་གྲུ་ཐེངས་གཉིས་པ་བཏང་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ལུས་ཡོད་པའི་ཉི་ཧོང་གི་སྤྱི་དམངས་རྣམས་རང་ཡུལ་ལ་སྐྱོབ་ལེན་བྱས་ནས་རྒྱལ་ས་ཀྲོག་ཁིའོ་ཡི་ཉེ་འཁྲིས་སུ་ཆགས་པའི་ཁེ་ཨོ་ཡི་ཡུས་ཐེན་གནམ་ཐང་དུ་འབྱོར་འདུག གནམ་གྲུ་དེར་མི་༢༡༠་ཡོད་པ་ཚང་མར་སྨན་ཁང་དུ་བརྟག་དཔྱད་བྱེད་བཞིན་མཆིས། དེ་སྔོན་གནམ་གྲུ་ཐེངས་དང་པོའི་ནང་དུ་མི་༣་ལ་གློ་ཚད་ཀྱི་རིམས་ནད་དེ་ཕོག་ཡོད་པའི་ངོས་འཛིན་བྱས་ཤིང་། ད་ལྟ་ཉི་ཧོང་རྒྱལ་ཡོངས་སུ་རིམས་ནད་དེ་ཕོད་མཁན་གྱི་མི་༡༡་བྱུང་དང་ཐེ་ཝན་ལ་མི་༨་བྱུང་འདུག
༦ ཉེ་ཆར་སྤྱི་ཚེས་༢༨་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་མང་མོས་འོས་ཤིག་འཕངས་་ནས་ཁྲིམས་གཞི་གཏན་འབེབས་བྱུང་འདུག རྒྱ་ནག་གཞུང་གིས་ཨ་རིའི་ཁྲིམས་གཞི་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ། རྒྱལ་སྤྱིའི་ཕྱི་འབྲེལ་ལམ་སྲོལ་བཅས་ལ་བརྩི་འཇོག་མ་བྱས་པ་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས། བོད་རང་བཙན་དང་ཁ་བྲལ་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
༧ དབྱིན་ཇི་ཡུ་རོབ་མནའ་འབྲེལ་གྱི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་དེ་ཟླ་བ་འདིའི་སྤྱི་ཚེས་༣༡་གི་སྔོན་ལ་ངེས་པར་དུ་ཐག་གཅོད་བྱ་དགོས་པ་ལྟར་ཁ་སང་སྤྱི་ཚེས་༢༩་ཉིན་ཡུ་རོབ་མཉམ་འབྲེལ་གྱིས་འོས་ཤོག་འཕངས་ནས་ཐག་གཅོད་བྱས་འདུག ཡུ་རོབ་མཉམ་འབྲེལ་གྱི་གྲོས་ཚོགས་འཐུས་མི་༦༢༡་གིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུར་རྒྱབ་སྐྱོར་དང་འཐུས་མི་༤༩་ངོ་རྒོལ་གྱི་འོས་ཤོག་འཕངས། འཐུས་མི་༡༣་གྱི་འོས་ཤོག་རྩིས་མེད་བཏང་བ་བཅས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱུང་འདུག
༨ ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ངོས་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་ནི་བསྙོན་དུ་མེད་པའི་ཨི་སི་རལ་གྱི་རྒྱལ་ས་ཡིན་པར་ངོས་འཛིན་བྱ་རྒྱུ་ཡིན་ཞེས་གཏམ་བཤད་སྤེལ། པ་ལི་སི་ཐན་བ་ཚོས་ཤར་ཇཱེ་རུ་ས་ལམ་ནི་མ་འོངས་པར་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ཞེས་སྤྱི་ཚེས་༢༩་ཉིན་པ་ལི་སི་ཐན་བ་ཁག་ཅིག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་ལ་ངོ་རྒོལ་བྱས་ནས་ཨི་སི་རལ་གྱི་བདེ་སྲུང་མི་སྣ་ཚོར་རྒོལ་འཛིངས་བྱས་ཤིང་། ཁ་སང་གི་རྒོལ་འཛིངས་སྐབས་སུ་མི་༣་ལ་རྨས་སྐྱོན་བྱུང་འདུག་ཅེས་དབྱིན་ཡུལ་གྱི་བྷི་བྷི་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག
པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་ཡིས་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་ལ་ན་བརྗོད་ཀྱིས་ཤར་ཇཱེ་རུ་ས་ལམ་ནི་ནམ་ཡང་ཨི་སི་རལ་གྱི་མངའ་ཁོངས་སུ་གཏོགས་པར་ངོས་ལེན་བྱ་ཐབས་དང་དེ་ལ་གྲོས་མོལ་བྱ་ཐབས་མེད་ཅེས་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔོན་ཆད་ཀྱང་རྩོད་གཞི་ཅན་གྱི་ཇཱེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་ས་ཡིན་ཞེས་བསྒྲགས་མྱོང་ཡོད་པར་མ་ཟད། ཨི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཡང་ཇཱེ་རུ་ས་ལམ་དུ་གནས་སྤར་བྱས་པ་དང་། ཁོ་པས་འདི་ནི་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཞི་བདེ་མཉམ་གནས་བྱེད་ཐུབ་པའི་ཐབས་ལམ་ཉག་ཅིག་ཡིན་ཞེས་རྒྱུ་མཚན་བགྲངས། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་པ་ལི་སི་ཐན་བ་ཚོས་ཨ་མི་རི་ཀས་རྒྱལ་ཁབ་གཉིས་ཀྱི་འགལ་བ་ཆེ་རུ་གཏོང་གི་འདུག་སྐྱོན་བརྗོད་བྱེད་བཞིན་པ་རེད།
༩ ཁ་སང་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇཱོན་སན་གྱིས་མ་འོངས་པར་དབྱིན་ཇིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་འཕྲུལ་རབས་ལྔ་པའི་མ་ལག་ཁག་ཅིག་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་འདུག དེ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེས་དབྱིན་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་དང་མ་འོངས་པར་ཨ་མི་རི་ཀས་དབྱིན་ཡུལ་ལ་བདེ་འཇགས་མིན་པའི་དྲྭ་ལམ་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་སོགས་སྤྲོད་ལེན་བྱ་རྒྱུ་མིན་ཞེས་ཉེན་བརྡ་བཏང་འདུག
རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དབྱིན་ཡུལ་གྱི་དྲྭ་རྒྱའི་མ་ལག་ནང་དུ་འཛུལ་ཞུགས་བྱེད་དུ་འཇུག་རྒྱུ་ནི་ཧ་ཅང་གི་ཉེན་ཁ་ཆེ་བ་ཞིག་ཡིན་པར་བརྟེན། ཨ་མི་རི་ཀས་མུ་མཐུད་དུ་དབྱིན་ཇིའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་ལ་གྲོས་མོལ་བྱ་རྒྱུ་ཡིན་ཟེར། དབྱིན་ཡུལ་ལ་མཚོན་ན་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱས་ནས་བརྡ་འཕྲིན་གྱི་འཕྲུལ་རབས་ལྔ་པ་འཛུགས་རྒྱུ་དེར་ན་ནིང་སྤྱི་ཟླ་༧་པ་ཚུན་ཆད་ནས་ཕྱིར་འགྱངས་ཐེངས་གཉིས་བཏང་འདུག ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་རྒྱ་ནག་གཞུང་དང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་གཞན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་འདུག དེར་བརྟེན་ཕྱིའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ཉེན་ཁ་ཆེན་པོ་ཞིག་ཡིན་ཞེས་བཤད། ད་དུང་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱེད་པ་དང་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་མི་བྱ་རྒྱུའི་འབོད་སྐུལ་ཞུས། གལ་སྲིད་མཐུན་གྲོགས་རྒྱལ་ཁབ་གང་ཞིག་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱས་ན་མ་འོངས་པར་ཨ་མི་རི་ཀས་རྒྱལ་ཁབ་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་ཚུལ་སྤྲོད་ལེན་དེར་མཉམ་འབྲེལ་བྱ་རྒྱུ་མིན་ཞེས་ཉེན་བརྡ་ཡང་བཏང་ཡོད་པ་རེད།།