ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྟེན་གཞི་སྲུང་སྐྱོབ། 


༄༅།། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་འཐབ་རྩོད་དེ་ཉིད་ཤུགས་ཆེ་རུ་སོང་སྟེ་ཨ་མི་རི་ཀས་རྒྱལ་ཁབ་མང་དག་ཅིག་ལ་མཉམ་འབྲེལ་བྱས་ནས་ཐེ་ཝན་མཚོ་འགག་དང་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོ། ལྷག་པར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་གྲུ་བཏང་སྟེ་སྐོར་གཡེང་བྱ་རྒྱུ་ཇེ་མང་དུ་བཏང་ཞིང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་མཁན་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་གཉིས་ཀྱིས་ཀྱང་རང་རང་གི་རྟེན་གཞི་ཁག་སྲུང་སྐྱོབ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་གཉིས་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཚོ་དམག་གི་སྐོར་གཡེང་བྱ་རྒྱུ་མང་དུ་གཏོང་འཆར་ཡོད། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་གཏོང་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་གཞུང་ལ་ཉམས་ཚོད་ལེན་རྒྱུའི་ཆེད་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ཡོད་པ་དེ་དག་གི་སྟེང་དུ་དམག་གྲ་བསྒྲིགས་ནས་དམག་ས་རྒྱ་སྐྱེད་གཏོང་འཆར་ཡོད་པའི་རྟགས་མཚན་འདུག སྔ་ལོ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉམས་རྒུད་སོང་སྟེ་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་བའི་གོ་སྐབས་ཆེན་པོ་ཞིག་ཐོབ་འདུག་ཅེས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་འདུག

ཨ་རིའི་མཚོ་དམག་གི་དམག་དོན་མཐོ་སློབ་ཁང་གིས་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བྱང་ཕྱོགས་སུ་གླིང་ཕྲན་གསར་པ་ཞིག་འཛུགས་སྐྲུན་བྱས་པ་གྲོང་ཁྱེར་ཆེན་པོ་ཞིག་ལ་གྱུར་ཡོད་ཅིང་། གྲོང་ཁྱེར་དེར་རྒྱ་ནག་གིས་སན་ཧྲ་གྲོང་ཁྱེར་ཞེས་མིང་བཏགས་ནས་ཁྱོན་དབྱིན་ལེ་གྲུ་བཞི་མ་༨༠༠༠༠༠་རྒྱ་སྐྱེད་བཏང་འདུག རྒྱ་ནག་གིས་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་ཞིག་ཆགས་ཡོད་པ་དེའི་ཆེ་ཆུང་ནི་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་ལས་ལྡབ་༡༧༠༠་ཆེ་བ་འདུག་ཅེས་བཀོད། ད་ལྟ་རྒྱ་ནག་གཞུང་གིས་སན་ཧྲ་གྲོང་ཁྱེར་ལ་སློབ་གྲྭ་དང་མི་མང་གནས་སྡོད་བྱ་ཡུལ་གྱི་ཁང་པ་འཛུགས་སྐྲུན། ཟམ་པ་དང་རྒྱ་མཚོའི་ཚྭ་ཆུ་རྣམས་མིའི་འཐུང་ཆུ་ལ་བསྒྱུར་ས་དང་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་གྱི་མཐུན་རྐྱེན་མ་ལག་འཛུགས་སྐྲུན། རྒྱ་གཞུང་གི་ཁྲིམས་འཛིན་ལས་ཁུངས་གསར་པ་གཉིས་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་རྟག་ཏུ་གནམ་གྲུའི་མཁའ་ལམ་འགྲུལ་གྲུ་སྒོ་འབྱེད། དོན་དངོས་སུ་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་པོ་པེ་ཅིང་གི་དབང་སྒྱུར་འོག་ཏུ་ཚུད་ཟིན་འདུག་ཅེས་བཀོད། ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་སྟེ་བདུན་ཕྲག་གཅིག་གི་རྗེས་སུ་རྒྱ་ནག་གིས་རང་དྲག་ཆས་ཉེན་རྟོག་པ་ཚོར་རྒྱ་ནག་གི་མངའ་ཁོངས་སུ་ཆོག་མཆན་མེད་པར་ཕྱིའི་རྒྱལ་ཁབ་ཀྱི་གྲུ་གཟིངས་ཁག་དཔུང་འཛུལ་བྱེད་ན་དེ་ལ་མེ་མདའ་རྒྱག་ཆོག་ཅེས་ཁྲིམས་གསར་པ་ཞིག་ལ་གཏན་ལ་ཕབ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་བཏང་འདུག

རྒྱ་ནག་གི་རྒྱ་སྐྱེད་ལ་བསྡུར་ན་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་གཉིས་ཀྱིས་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་གླིང་ཕྲན་ཁག་དམག་གི་རྟེན་གཞི་ལ་བསྒྱུར་རྒྱུ་རྒྱ་ཆེན་པོ་ཞིག་མིན། འོན་ཀྱང་ཝྭི་ཏེ་ནམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་རྣམས་དམག་གི་རྟེན་གཞི་ལ་བསྒྱུར་ནས་སོ་སོའི་མངའ་ཁོངས་དང་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ། གལ་སྲིད་དགོས་མཁོ་བྱུང་ན་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་གླིང་ཕྲན་དེ་རྣམས་ཝྭི་ཏེ་ནམ་གྱིས་གཏོར་ཐུབ་པའི་དམག་གི་མཐུན་རྐྱེན་སྒྲིག་ཡོད་སྐད། ༢༠༡༩་ལོ་ནས་བཟུང་སྟེ་ཝྭི་ཏེ་ནམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྲིད་དང་ཞི་སྲིད་གཉིས་ལ་མཁོ་བའི་རྟེན་གཞི་ཁག་འཛུགས་སྐྲུན་བྱས་ནས་བརྡ་གཏོང་མཁར་ལྕོག་འཛུགས་སྐྲུན། ས་ཁྱོན་ཧེཀ་ཊར་༢༨་དང་གྲངས་ཆུང་༣་རྒྱ་སྐྱེད། ཝྭི་ཏེ་ནམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་དམག་དོན་རྟེན་གཞི་དེ་དག་གི་སྟེང་དུ་འཕུར་མདེལ་མེ་སྒྱོགས་དང་དེང་རབས་ཅན་གྱི་དམག་དོན་ཡོ་བྱད་རྣམས་འཛུགས་འཇོག རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་རྣམས་རྒྱ་ནག་གི་མཁའ་དབྱིངས་མངའ་ཁོངས་ཡིན་ཞེས་སྒྲོགས་སྲིད་པར་ཁ་གཏད་གཅོག་རྒྱུའི་གནམ་དམག་གི་མཐུན་རྐྱེན་གྲ་སྒྲིག ༡༩༨༨་ལོར་རྒྱ་ནག་དང་ཝྭི་ཏེ་ནམ་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་ཅིག་གི་བདག་དབང་རྩད་ནས་འཁྲུག་རྩོད་ལངས། སྐབས་དེར་ཝྭི་ཏེ་ནམ་གྱི་དམག་མི་མང་དག་ཅིག་ལ་སྲོག་སྐྱོན་ཕོག་ཡོད་པས་ཝྭི་ཏེ་ནམ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་མཚོ་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཧྥི་ལི་ཕིན་དང་ཨ་མི་རི་ཀས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དོན་དུ་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་ཀྱིས་དམག་འཁྲུག་བརྒྱབ་ཚེ། ཨ་མི་རི་ཀས་ཆིངས་ཡིག་གི་འབྲུ་དོན་ལྟར་ཧྥི་ལི་ཕིན་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་ཅིང་། ཧྥི་ལི་ཕིན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གསར་པ་དམག་སྤྱི་སོ་བྷེ་ཇཱོ་ནས་རྒྱ་ནག་གི་རྒྱ་སྐྱེད་དང་ཐུབ་ཚོད་ལ་ཧྥི་ལི་ཕིན་གྱིས་ནམ་ཡང་གཉོམ་འཁུར་རྒྱུ་མིན་ཞེས་བཤད། ཁོང་གིས་སྔ་མོ་ནས་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཚོ་དམག་གི་སྐོར་གཡེང་བྱ་རྒྱུ་མང་དུ་གཏོང་དགོས། ཧྥི་ལི་ཕིན་གྱི་ཉ་པ་ཚོར་རྒྱ་ནག་གི་དམག་གྲུ་ཡོང་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་སྲུང་སྐྱོབ་བྱ་དགོས་ཞེས་ལངས་ཕྱོགས་གསལ་སྟོན་བྱས་མྱོང་ཡོད་པར་མ་ཟད། ༢༠༡༩་ལོར་རྒྱ་ནག་གི་དམག་གྲུ་ཞིག་གིས་ཧྥི་ལི་ཕིན་གྱི་ཉ་པ་༢༢་བསད་པའི་དོགས་གཞི་སེལ་ཐུབ་མེད་པ། ཧྥི་ལི་ཕིན་གྱི་དམག་གི་འགོ་ཁྲིད་ཚོ་དང་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོས་ཨ་མི་རི་ཀ་དང་ཧྥི་ལི་ཕིན་གྱི་དམག་དོན་འབྲེལ་བ་ཆ་ཚང་སླར་གསོ་བྱ་དགོས། ཨ་མི་རི་ཀའི་མཚོ་དམག་རྣམས་ཧྥི་ལི་ཕིན་གྱི་ས་ཐོག་ཏུ་འབབ་སྡོད་བྱེད་ཆོག སྲིད་འཛིན་བྷ་ཌན་ལ་ཨ་རི་དང་ཧྥི་ལི་ཕིན་གྱི་དམག་དཔུང་གིས་ལོ་ལྟར་མཉམ་འབྲེལ་དམག་སྦྱོང་བྱ་དགོས། ཨ་མི་རི་ཀས་ཧྥི་ལི་ཕིན་ལ་དམག་དོན་རོགས་རམ་བྱ་དགོས་ཞེས་ནན་སྐུལ། ཨ་རིའི་གྲོས་ཚོགས་ཀྱིས་ཧྥི་ལི་ཕིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་བྱས་པའི་རྗེས་སུ་སྲིད་འཛིན་དྷུ་ཐར་ཐེས་ཨ་རི་དང་ཧྥི་ལི་ཕིན་གྱི་དམག་དོན་འབྲེལ་བ་གནས་སྐབས་རིང་མཚམས་བཞག ཕྱི་ཟླ་༢་པའི་ཚེས་༢༠་ཉིན་ཧྥི་ལི་ཕིན་གྱི་དམག་གི་འགོ་ཁྲིད་ཚོས་རང་གི་མཚོ་ཁོངས་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་དམག་དཔུང་བཀོད་ཁྱབ་བཏང་འདུག

ཨ་རིའི་དམག་གྲུས་ད་ལོའི་ཕྱི་ཟླ་གཉིས་པའི་ཚེས་༥ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྐོར་གཡེང་བྱས་པ།
ཨ་རིའི་དམག་གྲུས་ད་ལོའི་ཕྱི་ཟླ་གཉིས་པའི་ཚེས་༥ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྐོར་གཡེང་བྱས་པ།

ད་སྔ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་གྲུ་བཏང་ནས་སྐོར་གཡེང་བྱེད་མཁན་ཨ་མི་ཀ་གཅིག་པུ་ལས་མེད། ཉེ་དུས་ཤིག་ནས་ཧྥ་རན་སི་དང་ཁེ་ན་ཌ་སོགས་ཀྱིས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་གྲུ་བཏང་སྟེ་སྐོར་གཡེང་བྱ་རྒྱུ་འགོ་ཚུགས། ཟླ་སྟོད་འདིར་དབྱིན་ཇིའི་མཚོ་དམག་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གཏོང་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་བསྒྲགས། ཟླ་བ་སྔོན་མར་ཁེ་ན་ཌའི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག་བརྒྱུད་ནས་ཨ་རི་དང་ཨོ་གླིང་རྒྱལ་ཁབ། ཉི་ཧོང་བཅས་ཀྱི་མཚོ་དམག་གི་མཉམ་འབྲེལ་དམག་སྦྱོང་ལ་ཞུགས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་༣་དང་ཕྱེད་ཀ་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ཀྱི་མེད་ཀྱང་ཨ་རི་ལ་རྒྱབ་སྐྱོར་དང་རྒྱ་ནག་གི་རྒྱ་སྐྱེད་ལ་འགོག་རྒོལ། ཉི་ཧོང་གི་ཀྲོག་ཁིའོ་གྲོང་ཁྱེར་དུ་ཚུགས་པའི་རྒྱལ་སྤྱིའི་ཡེ་ཤུའི་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་ལམ་རིག་པའི་སློབ་དཔོན་ན་གྷེས་བཤད་པ་ལྟར་ན། ཧྥ་རན་སི་དང་ནེ་དྷར་ལན་ཌི། དབྱིན་ཇི་སོགས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་དགའ་མོས་མེད་པ་དང་རང་རང་གི་མི་སེར་སྤེལ་ཡུལ་རྙིང་པ་དེ་ཚོར་སྲུང་སྐྱོབ་བྱ་དགོས་པའི་ཀུན་སྤྱོད་ཀྱི་ལས་འགན་ཡོད་པ། དཔེར་ན་དབྱིན་ཇིས་མ་ལེ་ཤི་ཡར་སྲུང་སྐྱོབ་བྱ་དགོས་པའི་ཆིངས་ཡིག་བཞག་ཡོད་པ་དང་སྔོན་ཆད་ཝྭི་ཏེ་ནམ་ལ་ཧྥ་རན་སིས་དབང་སྒྱུར་བྱས་མྱོང་ཡོད་པ། འཛམ་གླིང་གི་ཚོང་ལས་དང་དངོས་ཟོག་སྐྱེལ་འདྲེན་བརྒྱ་ཆ་མང་པོ་ཞིག་ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་ནས་སྐྱེལ་འདྲེན་བྱེད་དགོས་པ། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ཏུ་ཧྥི་ལི་ཕིན་དང་ཝྭི་ཏེ་ནམ། མ་ལེ་ཤི་ཡ་དང་བྷུ་རུ་ནེ། ཐེ་ཝན་བཅས་ཀྱིས་རྒྱ་ནག་ལ་ཁ་གཏད་བཅག་ནས་རྩོད་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG