ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

ཨ་རིའི་ཏོག་དབྱིབས་ནད་དུག་གི་འཆི་སྐྱོན་གྲངས་འབོར་༦༡༠༠༠་ཟིན།


༄༅།། གཟའ་འཁོར་འདི་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་༦༡༠༠༠་ལྷག་ཟིན་དང་མི་ལ་ཏོག་དབྱིབས་ནད་དུག་འགོས་པའི་གྲངས་འབོར་ནི་༡༠༤༠༦༠༠་ལྷག་བརྒལ། འདི་ནི་ཨ་མི་རི་ཀའི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཟླ་བ་གསུམ་གྱི་རིང་དུ་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ཞིག་ཡིན་ཞིང་། དུས་རབས་སྔོན་མར་ཨ་མི་རི་ཀས་ལོ་བཅུ་ཕྲག་གཉིས་ཡས་མས་ཤིག་ལ་བརྒྱབ་པའི་ཝྭི་ཏེ་ནམ་གྱི་དམག་འཁྲུག་གི་དུས་སུ་མི་༥༨༢༢༠་ཐམ་པའི་ཚེ་སྲོག་ལས་ཤོར་མེད་པ་དེ་ལ་བསྡུར་ཚེ། ༢༠༢༠་ལོར་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་མི་ཁྲི་ཚོ་༦་ལྷག་ལ་འཆི་སྐྱོན་བྱུང་བ་ནི་ཨ་མི་རི་ཀ་བ་རྣམས་ཀྱི་བློ་ཡུལ་དུ་ཤོང་དཀའ་བའི་གནས་ཚུལ་ཞིག་ཏུ་གྱུར་འདུག ཨ་མི་རི་ཀར་ད་དུང་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་འཇོམས་ཀྱི་མེད་པ་དང་གཅིག་གྱུར་གྱི་ནད་འགོག་སྲིད་ཇུས་ཤིག་ལག་ལེན་བསྟར་ཐུབ་ཀྱི་མེད་པ། སྲིད་འཛིན་ཌོ་ནལ་ཊམ་གྱིས་མི་མང་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་རྒྱུའི་ལས་འགན་མངའ་སྡེ་ཁག་གི་སྟེང་དུ་གཡུག་གི་ཡོད་པ། ཨ་རིའི་མངའ་སྡེ་ཁག་ཅིག་གི་སྤྱི་ཁྱབ་རྣམས་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲལ་དུ་སྤྱི་ཚོགས་རྒྱང་བཀྱེད་དང་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་རྣམས་ཕྱིར་འཐེན་བྱ་དགོས་པའི་ཤུགས་སྣོན་རྒྱག་གི་ཡོད་ཀྱང་ཨ་རིའི་གསར་འགྱུར་ལས་ཁང་ཕལ་མོ་ཆེ་དང་གཞུང་གི་འཕྲོད་བསྟེན་མཁས་པ་ཚོས་འགྲོ་འོང་དང་ཚོང་ལས་བཀག་སྡོམ་བྱེད་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་སྔ་དྲགས་ན་རིམས་ནད་བསྐྱར་ལོག་རྒྱག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

དེ་རིང་ཕྱི་ཟླ་༤་པའི་ཚེས་༣༠་ནི་ཝྭི་ཏེ་ནམ་གྱི་ལྷོ་ཕྱོགས་གྲོང་ཁྱེར་སེ་གྷོན་དམར་ཤོག་གི་དབང་སྒྱུར་འོག་ཏུ་ཚུད་དེ་ཨ་མི་རི་ཀས་ཝྭི་ཏེ་ནམ་ལ་དམག་འཁྲུག་བརྒྱབ་པ་མཇུག་བསྒྲིལ་ནས་ལོ་༤༥་འཁོར་བའི་དུས་དྲན་ཡིན། ད་ལོ་ཝྭི་ཏེ་ནམ་གྱི་ས་གནས་ཁག་ཏུ་དམག་འཁྲུག་མཇུག་སྒྲིལ་གྱི་དུས་དྲན་ལ་དོ་སྣ་མེད་པར་ཏོག་དབྱིབས་ནད་དུག་འཇོམས་ནས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པར་དགའ་སྣང་བྱེད་ཀྱི་ཡོད་ཅིང་། ཝྭི་ཏེ་ནམ་གྱི་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་ལྟར་ན། མི་འབོར་༩༥༠༠༠༠༠༠་ཡོད་པའི་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་འགོས་པའི་མི་༢༧༠་ལས་བྱུང་མེད་པ་དང་། ཝྭི་ཏེ་ནམ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་གཅིག་ཀྱང་མེད་པར་མ་ཟད། འདས་པའི་བདུན་ཕྲག་གཉིས་ཀྱི་རིང་དུ་ཝྭི་ཏེ་ནམ་ལ་རྒྱལ་ནང་ནས་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་ནད་དུག་གི་ནད་པ་གཅིག་ཀྱང་བྱུང་མེད་པ་རེད། དེར་བརྟེན་གཟའ་འཁོར་སྔོན་ནས་ཝྭི་ཏེ་ནམ་གྱི་གྲོང་ཁྱེར་ཁག་གི་ཟ་ཁང་དང་སྐྲ་ཁང་སོགས་བསྐྱར་དུ་སྒོ་ཕྱེ། ཁ་སྔོན་ཕྱི་ཟླ་༢་པ་ནས་ཝྭི་ཏེ་ནམ་གྱི་གཞུང་གིས་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་བྱེད་པར་ཚོང་ལས་ཁང་དང་མི་ཚོགས་འདུ་འཛོམས། མི་མང་ལ་འགྲོ་འོང་བཀག་སྡོམ་ནན་པོ་ཞིག་བྱས་པ་ཕྱིར་འཐེན་བྱས་འདུག

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཝྭི་ཏེ་ནམ་གྱི་སྲིད་བློན་གྱིས་ང་ཚོས་སྤྱི་ཡོངས་ཀྱི་ཆ་ནས་ཏོག་དབྱིབས་ནད་དུག་བཀག་སྡོམ་ཐུབ་ཡོད་ཅེས་བཤད། ཡིན་ནའང་རྒྱལ་སྤྱིའི་ཐོག་ཏུ་ཝྭི་ཏེ་ནམ་གྱིས་ཏོག་དབྱིབས་ནད་དུག་བཀག་སྡོམ་གྱི་གྲུབ་འབྲས་ལ་བསྔགས་བརྗོད་དེ་ཙམ་ཐོབ་ཀྱི་ཡོད་པ་སྟེ། དེའི་རྒྱུ་མཚན་ནི་ཝྭི་ཏེ་ནམ་ལྷོ་ཀོ་རི་ཡ་དང་ཐེ་ཝན་ལྟར་འཕྲུལ་རིག་ལག་རྩལ་ཡར་རྒྱས་ཀྱི་རྒྱལ་ཁབ་གཅིག་མིན་ཞིང་། ཧོང་ཀོང་དང་འཁྱག་གླིང་རྒྱལ་ཁབ་ལྟར་ནད་ཡམས་བཀག་སྡོམ་གྱི་རྒྱ་ཁྱོན་ཆུང་བ། ཝྭི་ཏེ་ནམ་ལ་ནེའུ་ཛི་ལན་ཌི་དང་འཇར་མན་ཎི་ལྟ་བུའི་འགོ་ཁྲིད་འཇོན་ཐང་ཅན་མེད་པ། ཝྭི་ཏེ་ནམ་གྱི་དམག་འཁྲུག་མཇུག་བསྒྲིལ་ནས་ལོ་༤༥་འདས་ཀྱང་རྒྱལ་ཁབ་དེས་སྔར་བཞིན་དམར་ཤོག་གི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཅིག་ལ་འགྱུར་གྱི་མེད་པ་སོགས་ལ་ཐུག་འདུག དབྱིན་ཇིའི་རྒྱལ་པོའི་མཐོ་སློབ་གྱི་ཉམས་ཞིབ་པ་ཝྭི་ཌི་ར་དང་བྷ་ཐེ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་བྷ་ལིན་ཊེ་རན་གཉིས་ཀས་ཝྭི་ཏེ་ནམ་གྱི་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་པར་མིའི་ཚ་དྲོད་བརྟག་དཔྱད་དང་ནད་དུག་འགོས་ཡོད་མེད་བརྟག་དཔྱད། ནད་དུག་ཁྱབ་གདལ་ཆེ་བའི་ས་གནས་ཁག་ལ་འགྲོ་འོང་བཀག་སྡོམ་དང་ནད་ཡམས་སྔོན་འགོག་གི་ཉམས་མྱོང་རྣམས་ས་གནས་གཞན་ལ་ལག་ལེན་བསྟར་འདུག་ཅེས་ཝྭི་ཏེ་ནམ་ལ་ཏོག་དབྱིབས་ནད་དུག་འཇོམས་དགོས་པའི་རྒྱུ་རྐྱེན་གསུམ་ངོས་བཟུང་འདུག

ད་ལྟའི་བར་དུ་ཨ་མི་རི་ཀས་མི་༥༠༠༠༠༠༠་ལྷག་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཨི་ཊ་ལི། ཨེ་ཤི་ཡའི་རྒྱལ་ཁབ་ལྷོ་ཀོ་རི་ཡ་སོགས་ཀྱིས་ཀྱང་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་འདུག ཝྭི་ཏེ་ནམ་གྱི་མི་འབོར་ལ་མཚོན་ན་མི་གྲངས་༢༠༠༠༠༠་ལ་མ་གཏོགས་བརྟག་དཔྱད་བྱས་མེད་པ་ཉུང་ཉུང་ཞིག་ཡིན་རུང་ཨ་མི་རི་ཀ་དང་ལྷ་ཀོ་རི་ཡ། ཨི་ཊ་ལི་སོགས་དང་མ་འདྲ་བར་ཝྭི་ཏེ་ནམ་གྱིས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་འཕྲལ་དུ་འགོ་ཚུགས། ལོ་འདིའི་ཕྱི་ཟླ་དང་པོའི་ནང་དུ་མི་གསུམ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་བསྐྱོད་ནས་རང་ཡུལ་ལ་ཕྱིར་ལོག་བྱས་པ་རྣམས་རྩད་བཅད། དེ་ནས་ཝྭི་ཏེ་ནམ་གྱི་གཞུང་གིས་གསར་འགོད་རང་དབང་ལ་བཀག་སྡོམ་དང་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་སྲིད་ཇུས་ཁག་ཅིག་མཚམས་འཇོག་བྱས་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་སོགས་ནད་དུག་ཁྱབ་ཡུལ་ཁག་ནས་མི་ཅི་ཙམ་ཝྭི་ཏེ་ནམ་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་ཡོད་མེད། ཝི་ཏེ་ནམ་གྱི་ཡུལ་མི་ཅི་ཙམ་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་རྒྱལ་ཁབ་ཁག་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་ནས་རང་ཡུལ་ལ་ཕྱིར་ལོག་བྱས་ཡོད་མེད་རྣམས་རྩད་གཅོད་བྱ་རྒྱུ་ཛ་དྲག་གི་སྒོ་ནས་མགོ་བརྩམས། ཝི་ཏེ་ནམ་གྱི་གཞུང་གིས་ནད་ཡམས་ཤིག་ཁྱབ་གདལ་འགྲོ་བཞིན་པ་མི་དམངས་ལ་སྦ་གསང་མ་བྱས་པར་སྐབས་ཐོག་སོ་སོར་མི་དམངས་ཀྱི་ལག་ཐོགས་ཁ་པར་ནང་དུ་འགོས་ནད་ལ་གཡོལ་ཐབས་ཀྱི་བརྡ་འཕྲིན་བཏང་བ། ཝྭི་ཏེ་ནམ་གྱི་འཕྲོད་བསྟེན་ལྷན་ཁང་གིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ལ་ནད་ཡམས་ཁྱབ་གདལ་གྱི་གཞི་གྲངས་གསལ་པོ་ཞིག་ཁྱབ་བསྒྲགས་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་འདུག

སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཝྭི་ཏེ་ནམ་གྱི་སྲིད་གཞུང་གིས་མི་མང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཚུལ་དང་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབྱུང་གི་མེད་ཅེས་ཕྱིར་བསྒྲགས་བྱས་པའི་གཞི་གྲངས་དེར་ཡིད་རྟོན་རུང་མིན་ཐེ་ཚོམ་གྱི་གནས་སུ་ཟད། ཨ་མི་རི་ཀའི་འཕྲོད་བསྟེན་ལས་སྣེ་ཁག་ཅིག་གིས་ཝྭི་ཏེ་ནམ་གྱི་གཞུང་གིས་ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དེར་ཡིད་ཆེས་བྱེད་ཆོག་གི་འདུག ༢༠༠༣་ལའང་ཝྭི་ཏེ་ནམ་གྱི་ས་གནས་ཁག་ཏུ་གློ་ཚད་ཀྱི་ནད་ཡམས་ཤིག་ཁྱབ་སོང་། ཁོ་ཚོའི་རིམས་ནད་བཀག་སྡོམ་གྱི་ཐབས་ཇུས་ཤིག་ལག་ལེན་བསྟར་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་བྱས་སོང་། གཅིག་བྱས་ན་ཝྭི་ཏེ་ནམ་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་སྟབས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱས་ཐུབ་པ་བྱུང་བ་ཡིན་སྲིད་ཅེས་བཤད། ཧུ་ཀྲི་མཱིན་གྲོང་ཁྱེར་དུ་ཚུགས་པའི་དཔལ་འབྱོར་སློབ་གྲྭ་ཆེན་མོའི་དགེ་རྒན་ཊི་རེན་ཝྭིན་ལེ་དང་ཧུ་ཆོན་ཉཱུང་གཉིས་ཀྱིས་བཤད་པ་ལྟར་ན། རྒྱ་ནག་གི་ནོར་འཁྲུལ་ལ་བལྟས་ནས་ཝྭི་ཏེ་ནམ་ལ་ཉམས་མྱོང་ཟབ་མོ་ཞིག་ཐོབ་འདུག རྒྱལ་སྤྱིའི་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་བཟོ་ཚོང་ཁང་ཞིག་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཅིག་ཁྱབ་གདལ་ཕྱིན་མ་ཐག་ཏུ་ཝྭི་ཏེ་ནམ་གྱི་སྲིད་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་རྐུན་ཚོགས་པ་ཞིག་གི་དྲྭ་རྐུན་རྣམས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་དྲྭ་ལམ་དུ་འཛུལ་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་འདུག་ཅེས་བསྒྲགས། ཝྭི་ཏེ་ནམ་གྱི་ཕྱི་སྲིད་ལྷན་ཁང་གིས་སྐྱོན་འཛུགས་དེར་ཁས་ལེན་བྱེད་ཀྱི་མེད་པ་དང་། མདོར་ན་ད་ལྟ་ཝྭི་ཏེ་ནམ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཧ་ཅང་ཉུང་ཉུང་ཞིག་ལས་བྱུང་མེད་པ་དང་ཨ་མི་རི་ཀར་ཝྭི་ཏེ་ནམ་གྱིས་ཉམས་མྱོང་སློབ་ཐུབ་ཀྱི་ཡོད་པའི་དངོས་ཡོད་གནས་སྟངས་དེ་ཉིད་མི་ཚོས་ཁས་ལེན་མ་བྱས་ཐབས་མེད་ཅིག་ཏུ་གྱུར་འདུག

XS
SM
MD
LG