ངོ་འཕྲད་བདེ་བའི་དྲ་འབྲེལ།

གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོ་བློས་བཏང་བ


༄༅།། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕཱོབ་ཧྥ་རན་སེ་སིའི་དབུ་ཁྲིད་འོག གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲག་གནོན་བྱ་ཡུལ་ཏེ། རྒྱ་གཞུང་གི་ཡེ་ཤུའི་ཆོས་སྡེའི་ཁོངས་སུ་མི་ཞུགས་པ་དང་རྒྱ་ནག་གཞུང་ལ་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་དབང་ཚད་ཡོད་པར་ཁས་མི་ལེན་པ། ༡༩༤༩་ནས་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕཱོབ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པའི་རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་དད་པ་རྣམས་བློས་བཏང་སྟེ། གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གིས་༢༠༡༨་ལོར་གསང་བའི་གྲོས་མཐུན་ཞིག་བཞག་ཡོད་པ་དེའི་དུས་ཡུན་རྫོགས་གྲབས་ཡོད་པ་སླར་ཡང་ཕར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་འདུག དེ་ཡང་ཕྱི་ཟླ་༩་པའི་ཚེས་༡༤་ཉིན་གདན་ས་ཝྭེ་ཊི་ཁན་གྱིས་རྒྱལ་དོན་དྲུང་ཆེ་ཆོས་རྗེ་ཕེ་རོ་ལིན་གྱིས་གསར་འགོད་པ་ཚོར་ཟླ་བ་རྗེས་མར་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མཐུན་དེའི་དུས་ཡུན་རྫོགས་ཀྱི་ཡོད། འོན་ཀྱང་ཕྱོགས་གཉིས་ཀས་གྲོས་མཐུན་དེའི་དུས་ཡུན་ཕར་འགྱངས་བྱ་འཆར་ཡོད་ཅེས་བཤད། གདན་ས་ཝྭེ་ཊི་ཁན་གྱི་མཐོ་རིམ་ལས་སྣེ་ཟུར་པ་ཆཱེ་ལིས་ཀྱང་རྒྱ་ནག་གི་ཡེ་ཤུ་གནམ་བདག་ལུགས་ཀྱི་སྡེ་རྣམས་ཡེ་ཤུའི་གནམ་བདག་ཆོས་སྡེ་ཡིན་དགོས་ཀྱང་དེའི་ངོ་བོ་ནི་མཐའ་གཅིག་རྒྱ་ནག་པའི་ངོ་བོ་ཡིན་དགོས། ང་ཚོས་གསུང་རབ་ཀྱི་དགོངས་དོན་ཁག་འགལ་བ་མེད་པར་བསྒྲུབ་དགོས། འདི་ནི་སྟབས་བདེ་བོ་ཞིག་མིན་རུང་ཕྱོགས་གཉིས་ཀ་ཕན་ཚུན་བརྩི་འཇོག་དང་རྒྱུས་ལོན་གྱི་ལམ་ཕྱོགས་ཤིག་ཏུ་བསྐྱོད་ཐུབ་ཡོད། ད་དུང་ཡང་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་ལ་ལྟ་ཚུལ་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ཐུབ་མེད་ཅེས་བཤད།།

༢༠༡༨་ལོར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཉིས་ཀྱིས་དམར་ཤོག་སྲིད་གཞུང་དེས་བཙུགས་པའི་རྒྱ་ནག་གི་རྒྱལ་གཅེས་རིང་ལུགས་ཀྱི་ཡེ་ཤུའི་ཆོས་སྡེར་བླ་ཆེན་ཕཱོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱི་ངོས་ལེན་གནང་རྒྱུ། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཡེ་ཤུའི་ཆོས་སྡེ་ཁག་གི་ཆོས་དཔོན་ཚོའི་འོས་མིའི་ཐོ་གཞུང་ཞིག་གདན་ས་ཝྭེ་ཊི་ཁན་ལ་འབུལ་རྒྱུ། བླ་ཆེན་ཕཱོབ་མཆོག་གིས་རྒྱ་གཞུང་གི་ཐོ་གཞུང་དེ་ནས་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱ་རྒྱུའི་གྲོས་མཐུན་དེར་མཚན་རྟགས་བཀོད། དེར་བརྟེན་ཧོང་ཀོང་གི་ཡེ་ཤུའི་ཆོས་རྗེ་ཇཱོ་སེབ་ཙེན་གཙོ་བོར་གྱུར་པའི་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ས་ཡ་མང་པོས་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཆབ་སྲིད་ཀྱི་ནང་ཚོང་བརྒྱབ་ནས་རྒྱ་ནག་ལ་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་བཙོངས་སོང་། ཐོག་མར་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཉིས་ཀྱིས་གསང་བའི་གྲོས་མཐུན་ཞིག་ལ་ལྐོག་ཏུ་མིང་རྟགས་བཀོད། གཉིས་པ་དེར་རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་དཔོན་བདུན་སྲིད་གཞུང་གིས་ཕྱིར་ཕུད་བྱས་པ་གདན་ས་ཝྭེ་ཊི་ཁན་གྱིས་ཁྲིམས་མཐུན་ཡིན་པར་ཁས་ལེན་དང་རྒྱ་གཞུང་གིས་ངོས་ལེན་མེད་པའི་ཡེ་ཤུའི་ཆོས་དཔོན་རྣམས་རང་གི་ལས་སྣེ་གནས་ཁག་ནས་དགོངས་པ་ཞུ་རུ་བཅུག་སོང་། གསུམ་པ་དེར་རྒྱ་ནག་ལ་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་རྒྱ་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་ཡེ་ཤུའི་ཆོས་སྡེའི་ཁོངས་སུ་ཞུགས་དགོས་ཞེས་གདན་ས་ཝྭེ་ཊི་ཁན་གྱིས་ལམ་སྟོན་གནང་གི་འདུག གལ་སྲིད་ཕཱོབ་ཧྥ་རན་སེ་སི་དང་ད་ལྟའི་གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་བླ་ཆེན་ཕཱོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་ལ་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་དཔོན་རྣམས་ཐད་ཀར་བསྐོ་བཞག་བྱེད་ཆོག་པའི་ལོ་རྒྱུས་སྐུ་དབང་ཡོད་པ་རྣམས་བློས་ཚེ། རྒྱ་ནག་ལ་དམར་ཤོག་སྲིད་གཞུང་གིས་བཙུགས་པའི་ཡེ་ཤུའི་ཆོས་སྡེའི་ཁོངས་སུ་མི་ཞུགས་པ་དང་གདན་ས་ཝྭེ་ཊི་ཁན་གྱི་སྐྱབས་འགོ་ཏུའང་མ་འདུས་པའི་ཡེ་ཤུའི་ཆོས་སྡེ་གསར་པ་ཞིག་ལོགས་སུ་ཚུགས་སྲིད་པའི་ཉེན་ཁ་ཡོད་ཅེས་ཉེན་བརྡ་བཏང་འདུག

རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱིས་གསང་བའི་གྲོས་མཐུན་ཞིག་བཞག་པའི་རྗེས་སུ་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པར་མ་ཟད། པེ་ཅིང་གི་དབང་འཛིན་པ་ཚོས་ཡེ་ཤུའི་ཆོས་དད་པ་ཚོར་བླ་ཆེན་ཕཱོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱིས་གཞུང་གི་སྲིད་ཇུས་འདིར་མོས་མཐུན་དང་རྒྱབ་སྐྱོར་གནང་གི་ཡོད། རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་རྣམས་སྲིད་གཞུང་གི་ལམ་སྟོན་འོག་ཏུ་ཤར་སྐྱོད་བྱ་དགོས་ཞེས་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་སྲིད་གཞུང་གིས་གཏོར་བཤིག་བཏང་བའི་ཆོས་ཤུའི་ལྷ་ཁང་རྣམས་ཞིག་གསོ་བྱེད་དུ་མི་འཇུག་པ། རྒྱ་གཞུང་གི་ཆོག་མཆན་མེད་པའི་ཡེ་ཤུའི་ཆོས་དཔོན་ཚོས་རང་གི་རྗེས་འཇུག་པ་ཚོར་གསུང་ཆོས་གནང་མི་ཆོག་པའི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་བླ་ཆེན་ཕཱོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཚིག་གཅིག་བྱེད་ཕོད་ཀྱི་མེད་ཅིང་། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་བླ་ཆེན་ཕཱོབ་འདི་བ་ཆོས་ལུགས་པ་རྣམ་དག་ཅིག་རེད། ཁོང་གིས་གསུང་རབ་ཀྱི་དགོངས་དོན་རྣམས་གཙིགས་བཟུང་སྟེ་རྒྱ་ནག་མི་དམངས་ལ་ཡིད་ཆེས་གཏིང་ཟབ་དང་བརྩི་བཀུར་ཆེན་པོ་ཞུས་ནས་མཛད་འཕྲིན་སྐྱོང་གི་འདུག གདན་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་ལྐོག་ཏུ་ཚུགས་ཡེ་ཤུའི་ཆོས་སྡེ་ཁག་གི་ཆོས་དཔོན་རྣམས་བསྐོ་བཞག་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ནས་བཟུང་། རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བ་གཞི་རྩ་བརྟན་པོ་དང་མདུན་ལམ་བཟང་པོ་ཞིག་ཚུགས་ཐུབ་པའི་ཆ་རྐྱེན་འཛོམས་ཡོད། རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་བསྔགས་བརྗོད་ཀྱི་རྩོམ་ཡིག་སྤེལ།།

ད་ལྟ་གདན་ས་ཝྭེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་གཞུང་ཚབ་པ་འཛུགས་རྒྱུ་དེར་ཐུག་ཡོད་ཅིང་། ཐེ་ཝན་གཞུང་གིས་ང་ཚོར་གདན་ས་ཝྭེ་ཊི་ཁན་གྱིས་སེམས་ཁྲལ་བྱེད་མི་དགོས། རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མཐུན་ཞིག་བཞག་པ་དེས་ཐེ་ཝན་དང་གདན་ས་ཝྭེ་ཊི་ཁན་གྱི་ཕྱི་འབྲེལ་ལ་དོ་ཕོག་འགྲོ་སྲིད་པའི་ཁག་ཐེག་བྱས་སོང་ཞེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་སྔ་གཞུག་མ་གཏོགས་གདན་ས་ཝྭེ་ཊེ་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་གཞུང་ཚབ་པ་འཇོག་རེས་བྱ་རྒྱུ་ཉག་ཅིག་རེད། ད་ལྟའི་དུས་སྐབས་འདིར་རྒྱ་ནག་གཞུང་ལ་རང་གི་ས་ཐོག་ཏུ་གདན་ས་ཝྭེ་ཊི་ཁན་གྱི་གཞུང་ཚབ་ཁང་སྒོ་འབྱེད་དུ་འཇུག་འདོད་མེད་པ་ལས། གདན་ས་ཝྭེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་འདོད་མེད་པ་ཞིག་མ་རེད་ཅེས་གླེང་། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ནི་ཐེ་ཝན་ལ་ཡུ་རོབ་གླིང་དུ་ཕྱི་འབྲེལ་བཙུགས་ཡོད་པའི་མཐུན་གྲོགས་འབའ་ཞིག་དེ་ཡིན་པ་དང་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་མང་དག་ཅིག་གིས་འབྲེལ་བ་གཅོད་དགོས་བྱུང་འདུག ཐེ་ཝན་གྱི་འགོ་ཁྲིད་ཚོས་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དེས་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོར་རང་དབང་ཆེ་ཙམ་འཐོབ་རྒྱུའི་རེ་ལྟོས་འཆང་། ཡིན་ནའང་དོན་དངོས་སུ་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཆོག་མཆན་མེད་པའི་ཡེ་ཤུའི་ཆོས་སྡེ་ཁག་གི་ལྷ་ཁང་རྣམས་གཏོར་བཤིག་དང་སྟོན་པ་ཡེ་ཤུའི་གསུང་རབ་རྣམས་མེར་བསྲེགས། ཆོས་པ་རྣམས་བཙོན་འཇུག རྒྱ་ནག་གི་ས་གནས་ཁག་ཏུ་སྲིད་གཞུང་གི་ཆོག་མཆན་མེད་པར་བཙུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་དྲག་གནོན་འཕོག་རྒྱུ་སྔར་ལས་ཚབས་ཆེ་རུ་ཕྱིན་ཡོད་པ་རེད།།

རྒྱ་ནག་གཞུང་གིས་ཅང་སུའུ་ཞིང་ཆེན་གྱི་ཡེ་ཤུའི་ཆོས་དཔོན་ཞིག་ལ་ཕྱི་ཟླ་༩་པའི་ཚེས་༡་ཉིན་བཀའ་རྒྱ་བཏང་ནས་ཆོས་བཤད་བྱེད་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག ཆོས་སྟོན་པ་ལིའུ་ཞིན་ཕིང་གི་མཚན་གནས་དེ་རྒྱ་གཞུང་གི་རྒྱལ་གཅེས་རིང་ལུགས་ཀྱི་ཆོས་ལུགས་ལས་དོན་ཁང་གིས་སྩལ་པ་ཞིག་མ་རེད། ཆོས་སྟོན་པ་ལིའུ་ཞིན་ཕིང་གིས་རྒྱ་ནག་གི་ཆོས་ལུགས་ལས་དོན་གྱི་ཁྲིམས་དང་སྒྲིག་གཞི་ལ་རྒྱབ་འགལ་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས། ཟླ་བ་སྔོན་མར་ཅང་སུའི་ཞིང་ཆེན་གྱི་ཡུའི་ཅང་ས་ཁུལ་གྱི་ཡེ་ཤུའི་ཆོས་དཔོན་དང་ཆོས་སྟོན་པ་རྣམས་ལའང་ཆོས་བཤད་བྱེད་པ་དང་མི་མང་ལ་ལམ་སྟོན་བྱེད་མི་ཆོག་ཅེས་བཀའ་བསྒྲགས། རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་ཞཱ་མེན་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་དཔོན་ཡུག་ཀོན་ཏ་དང་ཆུང་མ་གཉིས་ཁྲིམས་ཁང་ལ་ཡོང་དགོས། ཁོ་ཚོས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་མ་བཏང་བར་རང་ཁྱིམ་དུ་ཆོས་ལུགས་ཀྱི་སློབ་ཁྲིད་བྱས་ནས་ཁྲིམས་འགལ་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས། འདས་པའི་ལོ་གཉིས་ཀྱིས་རིང་ལ་རྒྱ་ནག་གཞུང་གིས་དི་ཡན་ཆན་ཆོས་ཚོགས་ཀྱི་ཆོས་སྟོན་པ་ཡུག་ཀོན་ཏ་དང་དེའི་ཆོས་ཚོགས་ཀྱི་ཡེ་ཤུའི་ཆོས་དད་པ་ཚོར་སུན་གཙེར་རྒྱུན་ཆད་མེད་པར་བྱས་འདུག དེང་སྐབས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་གོ་སྐབས་བཟུང་ནས་རྒྱ་ནག་གཞུང་གིས་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་དྲག་གནོན་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་སྔར་ལས་སྟབས་བདེ་རུ་ཕྱིན་ཡོད་པ་སྟེ། རྒྱ་ནག་གཞུང་གིས་རིམས་ནད་སྔོན་འགོག་ལ་ལན་ཁག་དཀྲིས་ནས་ཡེ་ཤུའི་ཆོས་དད་པ་ཚོར་འཛེམ་ཟོན་མེད་པ་གནོན་སྡོམ་བྱེད་ཐུབ་ཀྱི་ཡོད་པ་རེད།།

XS
SM
MD
LG