ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་གཞོན་པར་ཏོག་དབྱིབས་ནད་རྟགས་ཐོན།


༄༅།། རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སིར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། ཕྱི་ཟླ་༤་པའི་ཚེས་༢༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༡༨་ནས་སྲིད་འཛིན་གཞོན་པ་ཧེ་རི་སི་དང་སྲིད་འཛིན་བྷ་ཌན། སྲིད་འཛིན་བྷ་ཌན་གྱི་བཟའ་ཟླ་ཇིལ་བྷ་ཌན་རྣམས་ཐུག་འཕྲད་བྱུང་མེད་པས་སྲིད་འཛིན་སྟངས་དཔྱལ་གཉིས་ལ་ནད་དུག་བགོ་སྲིད་པའི་ཉེན་ཁ་བྱུང་མེད་ཅིང་། སྲིད་འཛིན་གཞོན་པ་ཧ་རི་སི་ནུབ་ཕྱོགས་མངའ་སྡེ་ཁག་ལ་བདུན་ཕྲག་གཅིག་གི་རིང་གཟིགས་ཞིབ་ཏུ་ཕེབས་ནས་ཁ་སང་གཟའ་ཟླ་བར་རྒྱལ་ས་ཝ་ཤིང་ཊོན་ལ་ཕྱིར་ལོག་གནང་འདུག དེ་རིང་ནས་ཉི་མ་འགའ་ཞིག་ལ་སྲིད་འཛིན་གཞོན་པ་ཧ་རི་སི་ལས་ཁུངས་སུ་ཕེབས་ཐུབ་ཀྱི་མེད་ཀྱང་རང་ཁྱིམ་དུ་ཟུར་འགོག་བྱས་ཏེ་ཕྱག་ལས་གནང་གི་རེད་ཅེས་གནས་ཚུལ་ཐོན། ལོ་ན་༥༧་ལ་སོན་པའི་སྲིད་འཛིན་གཞོན་པ་ཧ་རི་སི་ཡིས་སྲིད་འཛིན་གཞོན་པའི་ལས་ཁུར་མ་བཞེས་སྔོན་དེར་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་དང་པོའི་འགོག་ཁབ་བསྐྱོན། སྨན་ཐུན་གཉིས་པའི་འགོག་ཁབ་དེ་༢༠༢༡་ལོའི་ཕྱི་ཟླ་༡་པའི་ཚེས་༢༠་ཉིན་ལས་ཁུར་དམ་བཅའ་མ་བཞག་པའི་ཉན་ཤས་སྔོན་དུ་བསྐྱོན། ན་ནིང་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་ཤུགས་སྐྱེད་འགོག་ཁབ་སྨན་ཐུན་གསུམ་པ་བསྐྱོན་ཡོད་པར་མ་ཟད། ད་ལོའི་ཕྱི་ཟླ་༤་པའི་ཚེས་༡་ཉིན་ཤུགས་སྐྱེད་སྨན་ཐུན་གཉིས་པའི་འགོག་ཁབ་བཞི་པ་བསྐྱོན་ཡོད་པས་ནད་དུག་འགོས་ཀྱང་ཚབས་ཆེན་དུ་འགྱུར་མི་ཐུབ་པ་དང་འཆི་སྐྱོན་སོགས་ཀྱི་ཉེན་ཁ་ཤིན་ཏུ་ཆུང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG