ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཁུང་ཙིའི་སློབ་གླིང་ཁག་ཨ་རིའི་གཞུང་ལ་ཐོ་འགོད་བྱ་དགོས་པ།  


༢༠༡༠ ཟླ་༦ ཚེས་༢༠ ཉིན་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས་ཨོ་སི་ཀྲོ་ལི་ཡའི་ནང་ཁུང་ཙི་སློབ་གྲྭ་ཞིག་སྒོ་འབྱེད་བྱས་པ།
༢༠༡༠ ཟླ་༦ ཚེས་༢༠ ཉིན་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས་ཨོ་སི་ཀྲོ་ལི་ཡའི་ནང་ཁུང་ཙི་སློབ་གྲྭ་ཞིག་སྒོ་འབྱེད་བྱས་པ།

༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གིས་ཨ་མི་རི་ཀའི་མཐོ་འབྲིང་དང་སློབ་ཆེན་ཁག་ཏུ་བཙུགས་ཡོད་པའི་ཁུང་ཙིའི་སློབ་གླིང་རྣམས་ཕྱིའི་རྒྱལ་ཁབ་ཀྱི་དོན་གཅོད་ཁང་གི་ཡན་ལག་སྡེ་ཚན་གྱི་ངོ་བོར་རྩི་རྒྱུ་ཡིན། ད་ནས་བཟུང་སྟེ་ཁུང་ཙིའི་སློབ་གླིང་ཁག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཐོ་འགོད་བྱ་དགོས། རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་གིས་ཨ་རིའི་སློབ་ཆེན་ཁག་ཏུ་ལས་དོན་སྒྲུབ་ཕྱོགས་དང་མཁར་དངོས་ཅི་ཡོད། དགེ་རྒན་དང་ལས་བྱེད་པ་ཅི་ཙམ་ཡོད་མེད། རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་གིས་ཨ་རིའི་ས་ཐོག་ཏུ་མཁར་དངོས་གསར་དུ་ཉོ་སྒྲུབ་བྱེད་ཀྱི་ཡོད་མེད། ཁུང་ཙིའི་སློབ་གླིང་ཁག་གི་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད་མེད་དང་འགྲོ་གྲོན་གཏོང་ཕྱོགས། འཛིན་གྲྭ་ཚོགས་སྟངས་དང་སློབ་ཚན་སྒྲིག་སྟངས། སྦྱོང་ཚན་གྱི་རྒྱུ་ཆ་རིགས་གང་འདྲ་ཞིག་འགྲེམ་སྤེལ་བྱེད་ཀྱི་ཡོད་མེད་རྣམས་དུས་ནས་དུས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་ཞུ་དགོས་ཞེས་གསལ་བསྒྲགས་སྤེལ་འདུག

ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་ཁུང་ཙིའི་སློབ་གླིང་ཁག་གིས་ཨ་རིའི་གཞུང་ལ་ཐོ་འགོད་བྱ་དགོས་པའི་ཐག་གཅོད་བྱས་པ་འདིས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བར་སླར་ཡང་འགལ་རྐྱེན་གསར་པ་ཞིག་བསླངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁ་ཆེ་རུ་སོང་འདུག ཕྱི་ལོ་༢༠༠༤་ནས་ཨ་མི་རི་ཀའི་སློབ་ཆེན་ཁག་ཏུ་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་སློབ་གླིང་དེ་རྣམས་རྒྱ་ཡིག་རྒྱ་སྐད་སློབ་ས་དང་རྒྱ་ནག་གི་རིག་གཞུང་ངོ་སྤྲོད་བྱ་ཡུལ། རྒྱ་ནག་གི་ཟས་རིགས་གཡོ་སྐོལ་གྱི་ལག་ཤེས་སློབ་ས་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་སློབ་ས། རྒྱ་ནག་མི་དམངས་དང་ཨ་མི་རི་ཀའི་མི་དམངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཡུལ་ཞིག་ཡིན་ཞེས་བཀྲལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་དེར་ཨ་རིའི་རྒྱལ་ཡོངས་སུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་༧༥་ཡས་མས་ཤིག་ཡོད་པ་དེ་དག་གི་གྲས་ཀྱི་སློབ་གླིང་༡༠་ཡས་མས་ཤིག་སྒོ་བརྒྱབ་འདུག ད་དུང་ཁུང་ཙིའི་སློབ་གླིང་༦༥་ཡས་མས་ཤིག་སྒོ་མ་བརྒྱབ་པར་སྔར་བཞིན་ཨ་རིའི་སློབ་ཆེན་ཁག་ཏུ་ལས་དོན་སྒྲུབ་ཀྱི་འདུག་ཅེས་འཁོད། ཉམས་ཞིབ་པ་ཁག་ཅིག་གིས་ཨ་རིའི་རྒྱལ་ཡོངས་ཀྱི་མཐོ་འབྲིང་ནས་སློབ་ཆེན་བར་དུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་༡༡༤་བཙུགས་ཡོད་པ་དེ་དག་གི་གྲས་ཀྱི་སློབ་གླིང་༣༤་སྒོ་བརྒྱབ་འདུག ད་ལྟ་ཨ་རིའི་རྒྱལ་ཡོངས་སུ་ཁུང་ཙིའི་སློབ་གླིང་༨༠་ལྷག་འདུག ཁྱོན་བསྡོམས་ཨ་རིའི་རྒྱལ་ཡོངས་སུ་མཐོ་འབྲིང་དང་སློབ་ཆེན་བར་གྱི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གླིང་གི་འཛིན་གྲྭ་༥༠༠་ནས་༥༥༠་ཡས་མས་ཤིག་བཙུགས་འདུག་ཅེས་བཀོད།།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་ རུ་བྷེའོ་ཡིས་༢༠༡༨ ལོར་ཁོང་གི་ལས་ཁུངས་སུ་ཁུང་ཙི་སློབ་གྲྭ་ཁག་ལ་སྟངས་འཛིན་ཐད་བཅར་འདྲི་དང་ལེན་བྱེད་བཞིན་པའི་སྐབས།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་ རུ་བྷེའོ་ཡིས་༢༠༡༨ ལོར་ཁོང་གི་ལས་ཁུངས་སུ་ཁུང་ཙི་སློབ་གྲྭ་ཁག་ལ་སྟངས་འཛིན་ཐད་བཅར་འདྲི་དང་ལེན་བྱེད་བཞིན་པའི་སྐབས།

ཨ་མི་རི་ཀའི་སློབ་ཆེན་ཁག་དང་མཐོ་འབྲིང་སློབ་གྲྭ་ཁག་ཏུ་བཙུགས་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་གི་དགེ་རྒན་རྣམས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་ཀྱི་ཡོད་པར་མ་ཟད། ཁུང་ཙིའི་སློབ་གླིང་གི་སློབ་དེབ་དང་སྦྱོང་ཚན་གྱི་རྒྱུ་ཆ་རྣམས་ཀྱང་རྒྱ་ནག་གཞུང་གིས་མཁོ་སྤྲོད་བྱེད་ཀྱི་ཡོད་ཅིང་། དགེ་རྒན་བསྐོ་བཞག་དང་སློབ་ཚན་ཁྲིད་ཕྱོགས་ལ་ཨ་མི་རི་ཀའི་སློབ་གྲྭ་ཁག་གིས་གཏན་ནས་ཐེ་གཏོགས་བྱེད་ཆོག་གི་མི་འདུག ཨ་མི་རི་ཀའི་སློབ་ཆེན་མཉམ་འབྲེལ་མཐུན་ཚོགས་ཀྱི་སློབ་ཕྲུག་ཚོས་ཁུང་ཙིའི་སློབ་གླིང་རྣམས་ཨ་རིའི་མཐོ་འབྲིང་དང་སློབ་ཆེན་ཁག་ལ་ཇི་ལྟར་འཛུགས་ཀྱི་ཡོད་མེད་མཚམས་སྦྱོར་བྱས་པ་ལྟར་ན། ཐོག་མར་རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་བཙུགས་པའི་རྗེས་སུ་ཚུགས་ཡུལ་ཨ་རིའི་སློབ་ཆེན་དེའི་གཙོ་འཛིན་དང་རིགས་བདག གནད་ཡོད་སློབ་དཔོན་ཚོར་འབྲེལ་བ་བཙུགས་ཏེ་སློབ་ཆེན་དེ་ཚོར་དཔལ་འབྱོར་རོགས་རམ་དང་ཉམས་ཞིབ་ཀྱི་སྡེ་ཚན་ཁག་ལ་དཔལ་འབྱོར་རོགས་རམ་སྤྲད། ཨ་རིའི་སློབ་ཆེན་དེ་དག་གི་ནང་དུ་རྒྱ་ནག་མི་དམངས་ལ་ཕོག་ཐུག་འགྲོ་བ་དང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་གནོད་སྐྱོན་གཏོང་བ། རྒྱ་ནག་ལ་འཁྱོག་བཤད་དང་བསྙོན་འཛུགས་ཀྱི་སློབ་ཁྲིད་བྱ་རྒྱུ་དེར་འཛེམ་ཟོན་བྱེད་པའམ། ཡང་ན་དགེ་མཚན་མེད་པའི་སློབ་ཚན་དེ་རྣམས་འཁྲིད་མི་དགོས་པ་གཙོ་འདོན་བྱ་དགོས་པའི་སྐུལ་ལྕག་བཏང་སྟེ། ཨ་མི་རི་ཀའི་སློབ་གྲྭ་ཁག་ལ་རང་དབང་གི་ཤེས་ཡོན་སློབ་སྦྱོང་དང་ཞིབ་འཇུག་གི་རང་དབང་ཡོད་པ་དེར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་གིས་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་འདུག་ཅེས་ཐེར་འདོན་བྱས་འདུག

རྒྱ་ནག་གཞུང་གིས་འཁྱོག་བཤད་དང་བསྙོན་འཛུགས། རྒྱ་ནག་མི་དམངས་ལ་ཕོག་ཐུག་གཏོང་གཞིའི་སློབ་ཚན་ཞེས་པ་ནི་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཁྲིམས་འགལ་དང་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་རྣམས་ཐེར་འདོན་བྱེད་མི་ཆོག་པ། རྒྱ་ནག་ལ་དམར་ཤོག་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་མཇུག་བསྒྲིལ་ནས་རྒྱ་ནག་ལ་རང་དབང་དང་དམངས་གཙོའི་ལམ་སྲོལ་ཞིག་དར་སྤེལ་གཏོང་དགོས། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས་ཞེས་གླེང་སློང་བྱེད་མི་ཆོག་པ་དང་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་གླེང་སློང་ངམ། ཡང་ན་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་དཀར་འདོན་དང་རྗེས་དྲན་གྱི་ལས་འགུལ་སྤེལ་མི་ཆོག་པ། ཨ་རིའི་སློབ་ཆེན་ཁག་ཏུ་བོད་དོན་གླེང་སློང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ཁྱབ་སྤེལ་བྱེད་མི་ཆོག་པ། ཨ་རིའི་སློབ་ཆེན་ཁག་ཏུ་ཚུགས་ཡོད་པའི་བོད་རིག་པའི་ཞིབ་འཇུག་སྡེ་ཚན་རྣམས་འཚོ་གནས་མི་ཐུབ་པར་སྒོ་རྒྱག་ཏུ་འཇུག་རྒྱུ། ཞིན་ཅང་གི་གནད་དོན་དང་ཐེ་ཝན་རང་བཙན་གྱི་གནད་དོན་སོགས་གླེང་སློང་བྱེད་མི་ཆོག་པ་དང་ཉམས་ཞིབ་བྱེད་མི་ཆོག་པ། རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་ཀྱི་ཡོད་པའི་བརྗོད་གཞི་དེ་དག་གི་ཐོག་ཏུ་བགྲོ་གླེང་འཚོགས་མི་ཆོག་པ་དང་ཉམས་ཞིབ་ཀྱི་ཆེད་རྩོམ་སྤེལ་མི་ཆོག་པ། མདོར་ན་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པའི་ཨ་རིའི་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་བཟང་ཕྱོགས་འབའ་ཞིག་སློབ་ཁྲིད་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།།

ཕྱི་ཟླ་༨་པའི་ཚེས་༡༣་གྱི་ཕྱི་དྲོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེར་འཁོད་པ་ལྟར་ན། རྒྱ་ནག་གི་དམིགས་ཡུལ་དེ་ནི་ཁུང་ཙིའི་སློབ་གླིང་ཁག་བརྒྱུད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་རྣམས་ཨ་མི་རི་ཀའི་སློབ་གྲྭ་ཁག་ལ་དྲིལ་བསྒྲགས་བྱས་ནས་ཨ་རིའི་མི་རབས་གསར་པ་ཚོའི་བློ་ཁ་སྒྱུར་ཐབས་ཤིག་རེད། ཁུང་ཙིའི་སློབ་གླིང་ཁག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགྲོ་གྲོན་བཏང་ནས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེའི་ཆ་ཤས་ཤིག་ཡིན་ཞིང་། ང་ཚོས་ཐག་གཅོད་འདི་འདྲ་ཞིག་བྱས་པའི་དམིགས་ཡུལ་རྣམས་ཧ་ཅང་གི་གསལ་པོ་ཡིན། ཨ་མི་རི་ཀའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་དང་འཛིན་སྐྱོང་བ་ཚོར་རང་གི་སློབ་གྲྭ་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ན་དགེ་མཚན་ཡོད་མེད་བདམས་གསེས་བྱེད་དུ་འཇུག་གི་ཡོད། གལ་སྲིད་ཨ་རིའི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གླིང་རྣམས་རྒྱུན་འཛིན་བྱ་དགོས་ན་རྣམ་པ་གང་འདྲ་ཞིག་གི་ཐོག་ཏུ་རྒྱུན་གནས་བྱེད་དུ་འཇུག་དགོས་མིན། དེང་སྐབས་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་དགོས་མིན་ལ་བསམ་ཞིབ་བྱེད་བཞིན་འདུག ཨ་རིའི་མཐོ་འབྲིང་དང་སློབ་ཆེན་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་མ་ཐེབས་པར་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱ་དགོས་ཞེས་བཀོད། ༢༠༡༩་ལོར་ཨ་རིའི་གྲོས་ཚོགས་གོང་མའི་ལས་དོན་ཚོགས་ཆུང་ཞིག་གིས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཞིག་ལ་ཞིབ་འཇུག་བྱས་པ་ལྟར་ན། ཁུང་ཙིའི་སློབ་གླིང་ཁག་གི་འགྲོ་གྲོན་དང་ལས་བྱེད་པ། ལས་རིམ་བཀོད་སྒྲིག་བྱེད་ཕྱོགས་བཅས་པ་རྒྱ་ནག་གཞུང་གིས་སྟངས་འཛིན་ཆ་ཚང་བྱས་འདུག ཐ་ན་ཁུང་ཙིའི་སློབ་གླིང་ཁག་ལ་མི་གང་འདྲ་ཞིག་གིས་གཏམ་བཤད་བྱེད་ཆོག་མིན་གྱི་དབང་ཚད་ཀྱང་རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་ཁུང་ཙིའི་སློབ་གླིང་གི་ལས་སྣེ་ཚོས་བཟུང་འདུག་ཆེས་སྙན་ཐོའི་ནང་དུ་བཀོད།།

ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཀྱང་ཁུང་ཙིའི་སློབ་གླིང་རྣམས་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱ་ཡུལ་གཅིག་པུ་མ་རེད། ཁུང་ཙིའི་སློབ་གླིང་ཁག་ནི་རྒྱ་ནག་གི་གསང་ཉུལ་གྱི་ཚང་ཞིག་ལ་འགྱུར་གྱི་འདུག རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་ཁག་བརྒྱུད་ནས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ། ཨ་རིའི་གསོ་རིག་དང་ཚོང་ལས། དཔལ་འབྱོར་སོགས་ཀྱི་ཤེས་བྱ་གསར་པ་དང་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་འདུག ཁུང་ཙིའི་སློབ་གླིང་རྣམས་ཕྱི་རྒྱལ་དུ་ཚུགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཡན་ལག་ལས་ཁུངས་ལྟ་བུ་ཞིག་ལ་འགྱུར་གྱི་འདུག རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ཨ་མི་རི་ཀའི་སློབ་དཔོན་རྣམས་དང་རིགས་བདག་རྣམ་པ། སློབ་ཆེན་ཁག་གི་གཙོ་འཛིན་རྣམས་བསླུ་བྲིད་བྱས་ནས་ཨ་རིའི་ཐུན་མོང་མ་ཡིན་པའི་རིག་གནས་གསར་པའི་ཞིབ་འཇུག་གི་གྲུབ་འབྲས་རྣམས་རྒྱ་ནག་གིས་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་སྙན་སེང་ཞུས་དང་ཞུ་བཞིན་ཡོད་འདུག ཨ་མི་རི་ཀའི་སློབ་ཆེན་མང་དག་ཅིག་སྒེར་གྱི་སློབ་གྲྭ་ཡིན་པ་དང་གཞུང་གཉེར་མཐོ་འབྲིང་དང་སློབ་ཆེན་ཁག་གི་འཛིན་སྐྱོང་དང་སློབ་ཁྲིད་བྱེད་ཕྱོགས་ཀྱི་དབང་ཚད་ཀྱང་མངའ་སྡེ་ཁག་ལ་ཡོད་པར་བརྟེན། ཨ་རིའི་དབུས་གཞུང་གིས་མངའ་སྡེ་ཁག་གི་གཞུང་གཉེར་སློབ་གྲྭ་དེ་ཚོར་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་ཏུ་འཇུག་ཐུབ་ཀྱི་མེད་ཅིང་། ཨ་མི་རི་ཀའི་སློབ་དཔོན་མང་དག་ཅིག་གིས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་དེ་རྣམས་གསང་ཉུལ་གྱི་ཚང་ཡིན་པའི་དཔང་རྟགས་མི་འདུག་ཅེས་གསང་བའི་ལས་ཁང་ཁག་གི་སྙན་ཐོ་དེ་ཚོར་ངོས་ལེན་བྱེད་ཀྱི་མེད་པ་དང་། ཨ་མི་རི་ཀའི་ཧ་ཝྭར་ཌི་སློབ་ཆེན་གཙོ་བོར་གྱུར་པའི་འཛམ་གླིང་ན་སྐད་གྲགས་ཡོད་པའི་སློབ་ཆེན་འགའ་ཞིག་ལ་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡང་མང་པོ་དཔལ་འབྱོར་རོགས་རམ་སྤྲོད་པ་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་བུ་ཕྲུག་རྣམས་ཨ་མི་རི་ཀའི་སློན་ཆེན་ཁག་ལ་གཏོང་གི་ཡོད་པ་སྟེ། ཞིས་ཅིན་ཕིང་གི་བུ་མོ་ཡང་ཨ་རིའི་ཧ་ཝྭར་ཌི་སློབ་ཆེན་འགྲིམས་ཡོད་པ་རེད།།

XS
SM
MD
LG