ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨ་རིར་ཏོག་དབྱིབས་ནད་དུག་གི་ནད་པ་༥༠༠༠༠༠༠་ལྷག་བྱུང་བ། 


༄༅།། ད་ལྟའི་བར་དུ་ཨ་མི་རི་ཀར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༥༠༠༠༠༠༠་ལྷག་བྱུང་བ་དང་མི་༡༦༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཟླ་བ་༦་རྗེས་སུའང་ནད་ཡམས་དེར་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱེད་ཀྱི་མེད་ཅིང་། ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཁེ་ལི་ཧྥོར་ཎི་ཡ་དང་ནུབ་དཀྱིལ་མངའ་སྡེ་ཊེཀ་སེ་སི། ཨ་རིའི་ལྷོ་ཕྱོགས་སུ་ཆགས་པའི་ཧྥུ་ལོ་རི་ཌ་མངའ་སྡེ་གསུམ་གཙོ་བོར་གྱུར་པའི་མངའ་སྡེ་མང་དག་ཅིག་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་བརྒྱབ་སྟེ་མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གཞི་གྲངས་ལྟར་ན་འདས་པའི་ཉི་མ་༡༧་གྱི་ནང་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ས་ཡ་གཅིག་བྱུང་ཞིང་། ཕྱི་ཟླ་༧་པར་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཆེས་མང་བའི་དུས་སུ་ཉི་མ་གཅིག་ལ་ནད་པ་གསར་པ་༧༦༤༩༡་ཐོན་འདུག་ཅེས་བཀོད། ད་ལྟ་དབྱར་གྱི་གུང་སེང་རྗེས་སུ་ཨ་མི་རི་ཀའི་མངའ་སྡེ་ཕལ་མོ་ཆེའི་དམའ་འབྲིང་མཐོ་གསུམ་གྱི་སློབ་གྲྭ་ཁག་བསྐྱར་དུ་འཚོགས་མི་ཐུབ་པར་སློབ་ཕྲུག་ས་ཡ་མང་པོར་དྲྭ་ལམ་དུ་སློབ་ཁྲིད་བྱ་དགོས་པར་གྱུར། གལ་ཏེ་སློབ་གྲྭ་བསྐྱར་དུ་སྒོ་འབྱེད་ཐུབ་པའི་དབང་དུ་བཏང་རུང་འཛིན་གྲྭའི་ནང་དུ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་བཏང་བའམ། ཡང་ན་བདུན་ཕྲག་གཅིག་གི་ཉི་མ་ལྔར་དགེ་རྒན་དང་སློབ་ཕྲུག་རྣམས་མཉམ་དུ་འདུས་ནས་འཛིན་གྲྭ་འཚོགས་མི་ཐུབ་པའི་ཚད་དེར་ལྷུང་འདུག

ད་ལྟ་མི་ཚོས་ཨ་མི་རི་ཀ་ནི་ཚན་རིག་ལག་རྩལ་དང་མིའི་རྣམ་དཔྱོད། དཔལ་འབྱོར་གྱི་སྟོབས་ཤུགས་དང་སྨན་ཁང་གི་མཐུན་རྐྱེན་བཅས་ལ་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཅིག་ཡིན་རུང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་མི་ཐུབ་དོན་ཅི་ཞིག་ཡིན་མིན། ཨ་མི་རི་ཀ་རྒྱལ་སྤྱིའི་སྤྱི་ཚོགས་སུ་འཐུས་ཤོར་དང་རིམས་ནད་སྔོན་འགོག་གི་འཇོན་ཐང་མེད་པའི་དཔེ་མཚོན་དུ་གྱུར་ནས་འཕྱ་ཡུལ་ཞིག་ལ་གྱུར་དགོས་དོན་ཅི་ཞིག་མིན་ལ་ཨ་རིའི་གསར་འགྱུར་ལས་ཁང་ཁག་དང་ཉམས་ཞིབ་པ་ཚོས་དོགས་སློང་དང་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨ་རིའི་ནད་རིགས་སྔོན་འགོག་ཉམས་ཞིབ་པ་དང་འཕྲོད་བསྟེན་ལས་རིགས་ཀྱི་མཁས་པ་ཚོས་བཤད་པ་ལྟར་ན། འཛམ་གླིང་རྒྱལ་ཁབ་ཁག་གིས་རང་ཡུལ་ལ་ནད་ཡམས་ཁྱབ་པའི་སྐབས་དེར་དབུས་གཞུང་གིས་འགྲོ་འོང་བཀག་སྡོམ་དང་ཚོང་ལས་མཚམས་འཇོག ནད་པ་རྩད་གཅོད་དང་མི་མང་ལ་བརྟག་དཔྱད་བྱ་དགོས་པ་སོགས་རྒྱལ་ཡོངས་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱེད་ཀྱི་འདུག ཨ་མི་རི་ཀར་མཚོན་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཏན་ནས་རྒྱལ་ཡོངས་ལ་རིམས་ནད་སྔོན་འགོག་གི་གཅིག་གྱུར་སྲིད་ཇུས་ཤིག་ལག་ལེན་བསྟར་མ་སོང་། ཁོང་ལ་འོས་འདེམས་ཀྱི་ལོ་འདིར་ཨ་མི་རི་ཀར་འགྲོ་འོང་བཀག་སྡོམ་དང་ཚོང་ལས་མཚམས་འཇོག་བྱས་ནས་གཅིག་གྱུར་སྲིད་ཇུས་ཤིག་ལག་ལེན་བསྟར་འདོད་མ་བྱུང་བ། སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོ་ཁྲིད་ནས་ཁ་རས་མི་གྱོན་པ་དང་སྤྱི་ཚོགས་རྒྱང་བཀྱེད་ལ་ཕན་ནུས་མེད་པའི་ལྟ་སྟངས་བཟུང་བ། མི་འབོར་དུང་ཕྱུར་༣་ལྷག་ཡོད་པ་དེར་གཞིགས་ནས་ཨ་མི་རི་ཀས་ཐེ་ཝན་དང་ལྷོ་ཀོ་རི་ཡ། ཡུ་རོབ་རྒྱལ་ཁབ་ཁག་ལྟར་མི་མང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་མེད་པ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ནི་ཉེན་ཚབས་ཆེན་པོ་ཞིག་མ་རེད། ནད་ཡམས་འདི་རིམ་བཞིན་ཡལ་འགྲོ་ཡི་རེད་ཅེས་ཨུ་ཚུགས་ཀྱི་ལྟ་སྟངས་ཤིག་བཟུང་ནས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐུབ་པར་གྱུར་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༧་པའི་ཚེས་༣༠་མཚམས་སུ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་གྲངས་༣༠༠༠༠༠༠༠་ཡས་མས་ཤིག་ལས་མེད་དུ་གྱུར་ནས་དབུས་གཞུང་གི་འཚོ་དོད་རོགས་དངུལ་ལེན་དགོས་པར་གྱུར། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་ནད་མནར་དང་འཆི་སྐྱོན་ཕོག་མཁན་མང་ཆེ་བ་ནི་དཔལ་འབྱོར་གྱི་ཡོང་འབབ་ཉུང་བ་དང་འཚོ་བའི་དཀའ་ངལ་ཆེ་བ། ཤེས་ཡོན་སློབ་སྦྱོང་གི་གནས་ཚད་དམའ་བའི་ཨ་རིའི་མི་རིགས་ནག་པོ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ནས་ཨ་རིར་གཏན་སྡོད་གཞིས་ཆགས་སུ་སླེབས་པའི་ལཱ་ཊིན་བ། དེ་ནས་ཨ་མི་རི་ཀའི་ཡུལ་བདག་མི་རིགས་ཀྱི་ཚོ་ཤོག་ཁག་གི་མི་མང་དབུལ་ཕོངས་རྣམས་ཡིན་འདུག ཨ་རིའི་དཔལ་འབྱོར་གྱི་ཡོང་འབབ་མང་བ་དང་འཚོ་བའི་དཀའ་ངལ་མེད་པ། ཤེས་ཡོན་སློབ་སྦྱོང་གི་གནས་ཚད་མཐོ་བའི་ཨ་རིའི་མི་རིགས་དཀར་པོ་དང་ཨེ་ཤི་ཡའི་མི་རིགས་ཁག་གི་ཨ་རིའི་སྤྱི་དམངས་ཚོར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ཉུང་བ་ཡིན་པར་མ་ཟད། ཨ་རིའི་དབུས་གཞུང་གིས་རྒྱལ་ཡོངས་ལ་གཅིག་གྱུར་གྱི་བརྟག་དཔྱད་དང་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་མེད་པས་མི་མང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་པའི་ལས་འགན་མཐའ་དག་མངའ་སྡེ་ཁག་དང་རྫོང་། གྲོང་སྡེ་རིམ་པའི་སྟེང་དུ་གཡུགས། དེས་ན་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པ་དང་དབུལ་ཕོངས་ཀྱི་མངའ་སྡེ་ཁག་དང་རྫོང་། གྲོང་སྡེ་རིམ་པས་མི་མང་སྤྱི་ཡོངས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དང་ནད་རྟགས་ཐོན་པ་རྣམས་ལོགས་སུ་བཀར་ནས་སྨན་བཅོས་ཤུགས་ཆེན་པོ་ཞིག་བྱེད་དཀའ་བ། ཨ་རི་བ་འབུམ་ཕྲག་མང་པོས་རང་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་གྲུབ་འབྲས་དེར་དུས་ཡུན་བདུན་གཅིག་ནས་བདུན་ཕྲག་གཉིས་ཙམ་སྒུག་དགོས་ཤིང་། དེའི་རིང་དུ་མི་དེ་ཚོས་རང་གི་བཟའ་མི་དང་མི་མང་གཞན་ལ་ནད་དུག་བགོས་ཏེ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འགོག་མི་ཐུབ་པའི་འགག་རྩ་གཙོ་བོ་ཞིག་ནི་བརྟག་དཔྱད་ཀྱི་གྲུབ་འབྲས་འཕྲལ་དུ་འདོན་མ་ཐུབ་པར་ནད་པ་ཚོ་སྤྱི་ཚོགས་ལ་འདྲེས་ནས་ཁྱབ་གདལ་འགྲོ་ཡི་འདུག་ཅེས་འཕྲོད་བསྟེན་མཁས་པ་ཚོས་ཐེར་འདོན་བྱས་འདུག

ཨ་མི་རི་ཀའི་འཕྲོ་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་ཤོས་ཨང་གཉིས་པ་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ཡིན་ཞིང་། ད་ཐེངས་ཀྱི་གཟའ་མཇུག་དེར་བྷར་ཛིལ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་གྲངས་༡༠༠༠༠༠་ལྷག་དང་མི་ལ་ནད་དུག་འགོས་པའི་ནད་པའི་གྲངས་འབོར་༣༠༠༠༠༠༠་ལྷག་བྱུང་འདུག ཁ་སང་གཟའ་ཉི་མར་བྷར་ཛིལ་རྒྱལ་ཡོངས་སུ་མང་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་འདས་པོ་རྣམས་ལ་མྱ་ངན་དང་ནད་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ། བྷར་ཛིལ་མི་དམངས་ཀྱིས་དྲྭ་ལམ་དང་ཁ་པར་བཅས་སུ་སྐྱེ་བོ་འབུམ་ཕྲག་གཅིག་འདས་གྲོངས་ཞེས་འཕྲིན་ཐུང་རེ་བྲིས་ནས་བཀྲམ། རྒྱལ་ཁབ་དེའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགོ་ཁྲིད་འོག་ཏུ་མང་ཚོགས་ཀྱིས་ང་ཚོ་འཛམ་གླིང་གི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་མང་ཤོས་དང་འཆི་སྐྱོན་བྱུང་བ་མང་ཤོས་ཨང་གཉིས་པར་གྱུར་དོན་དགོས་ཅི་ཞིག་ཡིན་ཞེས་བཀོད་པའི་འཕྲེད་དར་དང་ཡིག་བྱང་འཁྱེར་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་འདྲ་བར་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོས་ཀྱང་ཏོག་དབྱིབས་རིམས་ནད་ལ་ཆམ་ནད་ཆུང་ཆུང་ཞེས་སྣང་ཆུང་བཏང་ནས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་དང་ཚོང་ལས་མཚམས་འཇོག མི་ཚོགས་འདུ་འཛོམས་བཅས་ཀྱི་བཀག་སྡོམ་མ་བྱས་པ། སྲིད་འཛིན་བྷོལ་སོ་ན་རོས་ཁ་རས་མི་གྱོན་པ་སོགས་ཀྱིས་སྤྱོད་ངན་སྤེལ་བས་བྷར་ཛིལ་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ། ཟླ་བ་སྔོན་མར་བྷར་ཛིལ་གྱི་ཤེས་ཡོན་ཅན་དང་འཕྲོད་བསྟེན་ལས་རིགས་ཀྱི་ཆེད་ལས་པ། བྷར་ཛིལ་རྒྱལ་ཡོངས་ཀྱི་ཡེ་ཤུའི་ཆོས་སྡེ་ཁག་གིས་སྲིད་འཛིན་བྷོལ་སོ་ན་རོས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་སྣང་ཆུང་གཏོང་གི་འདུག སྲིད་འཛིན་བྷོལ་སོ་ན་རོར་ངེས་པར་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་གཅོད་བྱ་དགོས་ཞེས་ཁྲིམས་ལ་གཏུགས་ནས་ཁ་མཆུ་བཙུགས།།

འཛམ་གླིང་གི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་ཆེ་ཤོས་ཨང་གསུམ་པ་ནི་རྒྱ་གར་ཡིན་ཞིང་། འདས་པའི་ཆུ་ཚོད་༢༤་རིང་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༡༠༠༧་ལ་འཆི་སྐྱོན་དང་ནད་པ་གསར་པ་༦༢༠༠༠་ལྷག་བྱུང་སོང་། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༤༤༤༩༩་ལ་འཆ་སྐྱོན་དང་མི་༢༢༡༧༦༤༥་ལ་ནད་མནར་བྱུང་སོང་། མི་གྲངས་༡༥༣༦༢༥༩་དྲག་སྐྱེད་བྱུང་ཡོད་པ་དང་ཕྱི་ཟླ་༨་པའི་ཚེས་༡༠་མཚམས་སུ་རྒྱ་གར་རྒྱལ་ཡོངས་སུ་སྨན་བཅོས་བྱེད་བཞིན་པའི་ནད་པ་༦༣༤༩༣༥་ཡོད་ཅེས་རྒྱ་གར་གྱི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་གཞི་གྲངས་སུ་བཀོད་འདུག དེ་རིང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་མུ་ཁར་ཇཱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ཏེ། ང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་། བདུན་ཕྲག་སྔོན་མར་ང་ལ་འབྲེལ་ཐུག་བྱུང་བ་ཚང་མས་རང་ཉིད་ཟུར་འགོག་བྱས་ནས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་གལ་ཆེ་ཞེས་ནན་བརྗོད་བྱས་འདུག དེའི་སྔོན་ལ་རྒྱ་གར་གྱི་ནང་སྲིད་བློན་ཆེན་ལའང་ཏོག་དབྱིབས་ནད་དུག་འགོས་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་རེད། ཐོག་མར་རྒྱ་གར་གྱི་མ་ཧ་ར་ཤི་ཊི་ར་མངའ་སྡེ་གཙོ་བོར་གྱུར་པའི་མུམ་བྷེ་དང་རྒྱལ་ས་ལྡི་ལི། ཆཱེན་ནེ་དང་བྷེང་ལོར་སོགས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དང་མངའ་སྡེ་ཁག་ཅིག་ལ་ཏོག་དབྱིབས་རིམས་ནད་ཁྱབ། ཉེ་དུས་ཤིག་ནས་རྒྱ་གར་གྱི་གྲོང་གསེབ་ཁག་ལའང་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་ལ་འཆི་སྐྱོན་དང་ནད་མནར། ལྷག་པར་དུ་རྒྱ་གར་གཞུང་གིས་འགྲོ་འོང་བཀག་སྡོམ་དང་ཚོང་ལས་བཀག་སྡོམ་བྱས་པའི་རྗེས་སུ་རྒྱ་གར་བ་དབུལ་ཕོངས་ས་ཡ་མང་པོའི་འཚོ་བར་དོ་ཕོག་བྱུང་འདུག

དེང་སྐབས་འཛམ་གླིང་ཧྲིལ་པོར་ནད་ཡམས་དང་འཁྲུག་རྩོད། དཔལ་འབྱོར་ཉམས་རྒུད་དང་འགྲིམ་འགྲུལ་བཀག་སྡོམ་གྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པའི་དུས་འདིར་ནེའུ་ཛི་ལན་ཌིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་གཅིག་ཀྱང་མ་བྱུང་བར་ཉི་མ་༡༠༠་ཐམ་པའི་ཕྱིན་ཡོད་པའི་གཏམ་བཟང་གི་གསར་འགྱུར་ཞིག་ཐོན་འདུག མི་འབོར་ས་ཡ་༥་ལས་མེད་པའི་ནེའུ་ཛི་ལན་ཌི་རྒྱལ་ཁབ་ནི་སྐབས་འདིར་གོ་ལ་ཟླུམ་པོའི་སྟེང་དུ་ནད་ཡམས་ཁྱབ་གདལ་མེད་པར་ཆེས་བདེ་འཇགས་ལྡན་པའི་རྒྱལ་ཁབ་དེར་གྱུར། ཉེ་དུས་ཤིག་ནས་ནེའུ་ཛི་ལན་ཌིའི་མི་དམངས་ཀྱི་འཚོ་བ་སྔར་རྒྱུན་བཞིན་སླར་གསོ་ཐུབ་ཡོད་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ལོས་ཡིན། འོན་ཀྱང་ནེའུ་ཛི་ལན་ཌིའི་མི་མང་གིས་སོ་སོའི་ལག་ཐོགས་ཁ་པར་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་དོགས་པ་ཡོད་ན་བརྟག་དཔྱད་བྱ་སྤྱད་ཀྱི་བཀོལ་ཆས་ཕབ་ལེན་མི་བྱེད་པ་དང་སྤྱི་ཚོགས་རྒྱང་བཀྱེད་མི་བྱེད་པ། སྲིད་གཞུང་གིས་ལམ་སྟོན་བྱས་པའི་གཙང་སྦྲ་འཕྲོད་བསྟེན་གྱི་སྒྲིག་ཁྲིམས་ཁག་ཚུལ་བཞིན་སྲུང་བརྩི་མི་བྱེད་པས་རྒྱལ་ཁབ་དེའི་འགོ་ཁྲིད་ཚོར་ཏོག་དབྱིབས་རིམས་ནད་བསྐྱར་ལོག་རྒྱག་སྲིད་པའི་བློ་འཚབ་ཡོད་པ་སྟེ། ནེའུ་ཛི་ལིན་ཌིའི་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་ནད་པ་གསར་པ་གཅིག་ཀྱང་མ་ཐོན་པར་ཉི་མ་༡༠༠་ཕྱིན་པ་ནི་དགའ་འོས་པ་ཞིག་རེད། ཡིན་ནའང་རྒྱལ་ཁབ་གཞན་ལ་ནད་ཡམས་བསྐྱར་ལོག་ཅི་ཙམ་མགྱོགས་མྱུར་འབྱུང་གི་ཡོད་པ་དེར་ང་ཚོས་དོགས་ཟོན་བྱ་དགོས། ནེའུ་ཛི་ལན་ཌིའི་གཞུང་གིས་རིམས་ནད་བསྐྱར་ལོག་འབྱུང་སྲིད་པར་གྲ་སྒྲིག་བྱས་ནས་སྣང་ཆུང་གཏོང་མི་ཉན་ཞེས་ནན་བརྗོད་བྱས་འདུག ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༠༠༠༠༠༠༠་མ་ཟིན་ཙམ་ཞིག་བྱུང་ཡོད་པ་དང་མི་༧༣༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་རེད།།

XS
SM
MD
LG