ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཀྱི་དྲྭ་ལམ་གྲོས་མོལ། 


ཐེ་ཝན་དུ་ཨ་རིས་བཟོས་པའི་འཐབ་འཛིང་གནམ་གྲུ་F-16V་དང་འཕུར་མདེལ་སོགས་འགྲེམ་སྟོན།

༄༅།། ཨ་མི་རི་ཀ་དང་ཐེ་ཝན་གྱི་རྒྱལ་སྲུང་མཚོན་ཆའི་བཟོ་ཚོང་ལས་ཁང་ཁག་གི་འབྲེལ་ཡོད་ལས་སྣེ་ཚོ་ཕྱི་ཟླ་༡༠་པའི་ཚེས་༥་ནས་ཉིན་གཉིས་ལ་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་འགོ་ཚུགས། ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི་ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་རིགས་གང་འདྲ་ཞིག་ཕྱིར་ཚོང་བྱ་དགོས་མིན་དང་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་ཛ་དྲག ཐེ་ཝན་གྱི་དམག་གི་སྟོབས་ཤུགས་ལ་བསྐྱར་ཞིབ་བྱས་ནས་ལེགས་བཅོས་གཏོང་དགོས་པ་ཁག་ལ་གྲོས་སྡུར་བྱ་རྒྱུ། ཨ་རི་དང་ཐེ་ཝན་གྱི་ཚོང་ལས་མཐུན་ཚོགས་ཀྱི་ངོ་དེབ་ཐོག་ཏུ་ལོ་འདིར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་གྱིས་ང་ཚོ་དངོས་སུ་མཉམ་དུ་འདུས་ནས་གྲོས་མོལ་བྱེད་ཐུབ་རྒྱུ་ཁག་པོ་འདུག དེར་བརྟེན་༢༠༢༠་ལོའི་ཉི་མ་གཉིས་ཀྱི་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཚོགས་འདུ་དྲྭ་ལམ་དུ་འཚོགས་དགོས་བྱུང་སོང་། ད་ལོའི་ཚོགས་འདུ་འདིར་ཨ་རི་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་དང་ཚོང་པ་ཁག ཕྱོགས་གཉིས་ཀྱི་ཞིབ་འཇུག་མཁས་པ་རྣམས་ཀྱང་གྲོས་སྡུར་ལ་མཉམ་ཞུགས་བྱེད་ཀྱི་ཡོད་ཅེས་བཀོད།།

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་སྲིད་འཛིན་ལས་ཁང་དུ་རྒྱལ་སྲུང་མཚོན་ཆའི་བཟོ་ཚོང་ལས་ཁང་གླེང་སྟེགས་ལ་མཉམ་ཞུགས་གནང་མཁན་ཚོར་བཀའ་མོལ། ༢༠༡༩།༥།༦
ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་སྲིད་འཛིན་ལས་ཁང་དུ་རྒྱལ་སྲུང་མཚོན་ཆའི་བཟོ་ཚོང་ལས་ཁང་གླེང་སྟེགས་ལ་མཉམ་ཞུགས་གནང་མཁན་ཚོར་བཀའ་མོལ། ༢༠༡༩།༥།༦

ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཨ་མི་རི་ཀ་དང་ཐེ་ཝན་གྱི་རྒྱལ་སྲུང་མཉམ་འབྲེལ་དང་ཨ་མི་རི་ཀས་ཐེ་ཝན་གྱི་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་གསར་པ་གང་འདྲ་ཞིག་བཙོང་དགོས་མིན། ཐེ་ཝན་གྱི་རྒྱལ་སྲུང་དགོས་མཁོ་དང་ཐེ་ཝན་གྱི་དམག་ལ་སྟོབས་ཤུགས་ཅི་ཙམ་ཡོད་མེད་བཅས་ལ་ནང་མོལ་ལྷུག་པོ་བྱེད་ཀྱི་ཡོད་པས་གསར་འགོད་པ་ཚོ་ཚོགས་འདུ་དེར་བཅར་ཆོག་གི་མེད་པ་རེད། ཕྱི་ལོ་༢༠༠༢་ནས་ལོ་ལྟར་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཚོགས་འདུ་རེ་འཚོགས་རྒྱུའི་སྲོལ་གཏད། ཐེ་ཝན་གཞུང་གིས་ཕྱོགས་གཉིས་ཀྱི་ཚོགས་འདུ་དེར་བློན་ཆེན་རིམ་པའི་སྐུ་ཚབ་རེ་གཏོང་གི་ཡོད་པར་མ་ཟད། ༢༠༢༠་ལོའི་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཚོགས་འདུར་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཀྲང་ཀོན་ཆཱུང་དང་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་རྣམས། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་དང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གི་སྐུ་ཚབ་རྣམས་ཀྱང་མཉམ་ཞུགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་ལོ་འདིའི་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཚོགས་འདུ་དེའི་གྲོས་གཞི་རྣམས་ཚོགས་འདུ་སྔོན་མ་ཁག་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་འདུག ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་སྟེ་ཨ་རིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པར་ཐེ་ཝན་ལ་བློན་ཆེན་རིམ་པའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གི་སྐུ་ཚབ་ཆེད་རྫོང་། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་སྡིག་ར་སྐུལ་བཞིན་པའི་སྐབས་སུ་ཚོགས་འདི་འདི་འཚོགས་ཀྱི་ཡོད་པས་ལོ་འདིའི་ལྷན་ཚོགས་ཐོག་ཏུ་གནད་དོན་མང་དག་ཅིག་འཕྲལ་དུ་ཐག་གཅོད་ཐུབ་པའི་རེ་བ་འདུག་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཉམས་ཞིབ་པ་ཁག་ཅིག་གིས་ཐེ་ཝན་གཞུང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་བའི་གོ་སྐབས་བཟུང་སྟེ་ཐེ་པེ་དང་ཝ་ཤིང་ཊོན་གཉིས་ཀྱིས་དངོས་སུ་ཕྱི་འབྲེལ་འཛུགས་རྒྱུ། ཨ་མི་རི་ཀས་ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པའི་དོགས་སློང་བྱས་འདུག ཡིན་ནའང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ཡིས་ང་ཚོས་ཨ་མི་རི་ཀར་དངོས་གཞིའི་ཕྱི་འབྲེལ་འཛུགས་ཐབས་བྱེད་ཀྱི་མེད། ང་ཚོ་ཕྱོགས་གཉིས་ཀས་ཕྱི་འབྲེལ་མ་བཙུགས་པར་དཔལ་འབྱོར་དང་ཚོང་ལས། ཆབ་སྲིད་དང་འཕྲུལ་རིག་ལག་རྩལ། ཐ་ན་བདེ་འཇགས་སོགས་ཀྱི་འབྲེལ་བ་རྣམས་སྲ་བརྟན་དང་ཡར་རྒྱས་གཏོང་ཐུབ་པའི་ཁོར་ཡུག་ཆེན་པོ་ཞིག་འདུག་ཅེས་བཤད། ཉེ་ཆར་ཕྱི་ཟླ་༨་པའི་ནང་དུ་ཨ་མི་རི་ཀའི་འཕྲོད་བསྟེན་དྲུང་ཆེ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་ཐེ་ཝན་གྱི་དམངས་གཙོའི་གྲུབ་འབྲས་དང་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཐོབ་པ་བཅས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། བདུན་སྔོན་མར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་འོག་མ་ཐེ་ཝན་ལ་ཕེབས་ནས་སྲིད་འཛིན་དམ་པ་ལི་ཏིང་ཧུའི་མཛད་རྗེས་ལ་དྲན་གསོ་ཞུ་བའི་མཛད་སྒོར་ཞུགས། ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༡༠༠་ཐམ་པ་ཡོད་པའི་ཕྱེད་ཀ་ཙམ་གྱིས་ཨ་རི་དང་ཐེ་ཝན་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་དགོས་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་བཞག་ན་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་འབྲེལ་བ། ཨ་མི་རི་ཀས་འགོ་ཁྲིད་པའི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ཁོངས་སུ་ཐེ་ཝན་ཚུད་ཐུབ་པའི་ཕན་ཐོགས་འདུག་ཅེས་རྒྱུ་མཚན་བགྲངས། ༡༩༧༩་ལོར་ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་བཟུང་། ད་ལྟའི་བར་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་སྲིད་གཞུང་གིས་ཐེ་ཝན་ལ་འབྲེལ་བ་ཡར་རྒྱས་དང་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་བ་འདི་འདྲ་ཞིག་བྱུང་མྱོང་མེད་པ་རེད།།

ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་ཅི་ཙམ་ཡར་རྒྱས་ཕྱིན་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་སྔར་ལས་ཤུགས་ཇེ་ཆེར་སོང་། ཕྱི་ཟླ་༡༠་པའི་ཚེས་༡་ནས་རྒྱ་ནག་རྒྱལ་ཡོངས་སུ་གུང་སེང་ཡིན་རུང་རྒྱ་ནག་གི་གནམ་དམག་གིས་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེང་བྱ་རྒྱུ་མཚམས་མ་བཞག་པར་དཔུང་འཛུལ་བྱ་རྒྱུ་རྒྱུན་བསྐྱངས། ཐེ་ཝན་གྱིས་ཀྱང་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་གནམ་གྲུ་དེ་རྣམས་མཚོ་གླིང་དེའི་མཁའ་དབྱིངས་ནས་མཐར་སྐྲོད་གཏོང་དགོས་ཀྱི་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༡་ནས་རྒྱ་ནག་གིས་ཉིན་ལྟར་ཐེ་ཝན་གྱི་མཁའ་དབྱིངས་སུ་འཐབ་འཛིང་གནམ་གྲུ་དང་མདེལ་འཕེན་གནམ་གྲུ་བཏང་ནས་དཔུང་འཛུལ་བྱས་འདུག རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་མི་དམངས་བཅིངས་འགྲོལ་དམག་གི་གནམ་དམག་གིས་Y-8་རྟགས་ཅན་གྱི་གནམ་གྲུ་ཁག་བཏང་ནས་མཚོ་འོག་དམག་གྲུ་དང་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཆེན་པོ་ཁག་ལ་གཏོར་རྒོལ་གྱི་དམག་སྦྱོང་བྱས་པ་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་ཐེ་ཝན་འུ་ཐུག་ཏུ་འཇུག་རྒྱུའི་ཀུན་སློང་ཞིག་འཆང་གི་འདུག ཡིན་ནའང་ཐེ་ཝན་འུ་ཐུག་རྒྱུའི་ཚབ་ཏུ་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་སྟེ་མཚོན་ཆ་གསར་པ་ཉོ་སྒྲུབ་དང་ཐེ་ཝན་གྱི་དམག་དཔུང་ལ་སྒྱུར་བཅོས། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་དང་རྒྱ་ནག་གི་འཇིགས་སྐུལ་དང་བཙན་དྲག་ལ་ཁ་རྡུང་ཕོག་སྟེ་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཤིག་སྨིན་གྱི་འདུག་ཅེས་བཤད།།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་རང་གི་མངའ་ཁོངས་སུ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་དམག་གྲུ་རྣམས་དཔུང་འཛུལ་བྱས་པའི་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ལྟར་ན། ཕྱི་ཟླ་༩་པའི་ཟླ་དཀྱིལ་ནས་ཉི་མ་༡༦་གི་རིང་ལ་རྒྱ་ནག་གི་དམག་གི་གནམ་གྲུ་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་ཐེངས་༥༡་བྱས་སོང་། རྒྱ་ནག་གི་འཇིགས་སྐུལ་ལ་ལན་པ་སློག་པར་ཨ་མི་རི་ཀས་ཐེ་ཝན་གྱི་མཁའ་དབྱིངས་སུ་B-1་རྟགས་ཅན་གྱི་མདེལ་འཕེན་གནམ་གྲུ་དང་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་གཉིས་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་པ་རེད། ཐེ་ཝན་གྱིས་ཀྱང་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་མདེལ་འཕེན་གནམ་གྲུ་དེ་རྣམས་ལས་སླ་བོར་གཏོར་ཐུབ་ཀྱི་འདུག ཡིན་ནའང་རྒྱ་ནག་གི་གནམ་གྲུ་དེ་ཚོ་ཐེ་ཝན་གྱི་མཁའ་དབྱིངས་ནས་མཐར་སྐྲོད་བཏང་སྟེ་གཏོར་མེད་ཅེས་འཁོད། ད་ལྟ་ཐེ་ཝན་གཞུང་གིས་ཨ་མི་རི་ཀ་ནས་ཨ་སྒོར་དུང་ཕྱུར་༦༢༠་ཐམ་པའི་F-16 V་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་༦༦་ཉོ་རྒྱུ། ཐེ་ཝན་རང་གིས་རྒྱལ་སྲུང་བཟོ་ལས་ཁག་ཡར་རྒྱས་དང་རྒྱལ་སྲུང་འགྲོ་གྲོན་འཕར་སྣོན། རྒྱ་ནག་གིས་འཇིགས་སྐུལ་བྱས་པའི་སྟབས་ཀྱིས་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་དང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་འཛིན་མཁན་མི་དམངས་དང་པོའི་ཚོགས་པ་སོགས་ཀྱིས་ཀྱང་རྒྱལ་ཡོངས་གྲོས་ཚོགས་སུ་དམག་དོན་འགྲོ་གྲོན་སྤར་གྱི་ཡོད་པ་འགོག་དཀའ་བ་ཞིག་ཏུ་གྱུར་ཏེ་ཐེ་ཝན་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཐོབ་འདུག་ཅེས་སྲིད་དོན་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG