ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་བཟོ་ཚོང་ལས་ཁང་༤༤་ལ་ཚོང་ལས་བཀག་སྡོམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གཞུང་གིས་སླར་ཡང་རྒྱ་ནག་གི་བཟོ་ཚོང་ལས་ཁང་༤༠་ལྷག་གིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་མི་ཆོག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་ཞིག་རེད་ཅེས་བསྒྲགས། ཨ་མི་རི་ཀས་ཚོང་ལས་བཀག་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་གྲས་སུ་རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་དང་འཁོར་སྐར་གྱི་བརྡ་འཕྲིན་མ་ལག རྒྱ་ནག་གི་གློག་རྒྱུན་སྟངས་འཛིན་ཡོ་ཆས་བཟོ་ལས། རྒྱ་ནག་གི་མཁའ་དབྱིངས་ཞིབ་འཇུག་འཕྲུལ་ལས་དང་རྒྱ་ནག་གི་མཁའ་དབྱིངས་ཚན་རིག་ཞིབ་འཇུག་བཟོ་ལས། རྒྱ་ནག་གི་མེ་ཤུགས་འཕུར་མདེལ་ཞིབ་འཇུག་ཁང་རེ་ཌར་འཕྲུལ་ཆས་ཀྱི་བཟོ་ལས་སོགས་རྒྱ་ནག་གི་དམག་དོན་དང་ཚན་རིག འཕྲུལ་རིག་ལག་རྩལ་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པའི་དམག་གི་བཟོ་ཚོང་ལས་ཁང་གནད་འགག་ཅན་བཅུ་ཕྲག་གཉིས་ལྷག་ཚུད་འདུག ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་དམག་དོན་བཟོ་ལས་ཁག་གིས་ཨ་མི་རི་ཀའི་རྒྱལ་སྲུང་དང་དམག་དོན་ལ་འབྲེལ་བ་ཡོད་པའི་ཆེས་དེང་རབས་ཅན་གྱི་འཕྲུལ་རིག་ལག་རྩལ་རྣམས་རྐུ་འཁྱེར་བྱེད་ཀྱིན་འདུག་ཅེས་རྒྱུ་མཚན་བགྲངས་ཡོད་པ་སྟེ། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་༤༤་ཙམ་གྱིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་བྱེད་ཡོད་པའི་ཐོ་གཞུང་དུ་བཀོད་ཡོད་ཅེས་ཁྱབ་བསྒྲགས། དེར་བརྟེན་སྲིད་འཛིན་ཞིས་ཅིན་ཕིང་གིས་༢༠༢༥་ནས་འཛམ་གླིང་གི་འཕྲུལ་རིག་ལག་རྩལ་དང་དམག་དོན་གྱི་འཕྲུལ་རྩལ་གྱི་ཚོང་ལས་རྒྱ་ནག་གིས་དབང་སྒྱུར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་མངོན་དུ་འགྱུར་བར་འགོག་རྐྱེན་གསར་པ་འཕྲད། གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཧྲེན་ཀྲེན་དང་ཧྲང་ཧེའི་མ་རྐང་ཁྲོམ་རར་ཨ་མི་རི་ཀས་ཚོང་ལས་བཀག་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་མ་རྩའི་རྐང་གྲངས་བརྒྱ་ཆ་༧་ནས་བརྒྱ་ཆ་༦་ཡས་མས་རེ་ཉམས་ཆག་སོང་། ད་དུང་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པའང་ཞི་འཇམ་འགྲོ་ཐུབ་པའི་རྟགས་མཚན་མེད་པར་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་འམ། ཡང་ན་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིག་ར་སྐུལ་གྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་དབྱི་ཐེ་ཛར་གྱིས་ང་ཚོས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཨ་མི་རི་ཀ་གསར་གཏོད་དང་འཕྲུལ་རིག་ལག་རྩལ་གྱི་སྣེ་ཁྲིད་པ་ཞིག་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཆ་མཉམ་མིན་པའི་ཚོང་ལས་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཨ་མི་རི་ཀའི་ཚད་མཐོའི་འཕྲུལ་རིག་ལག་རྩལ་དང་ཨ་མི་རི་ཀས་འཛམ་གླིང་གི་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་ཀྱི་ཡོད་པར་འགྲན་རྩོད་བྱེད་ཀྱིན་འདུག་ཅེས་བརྗོད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཆོག་པའི་ཐོབ་ཐང་འདྲ་མཉམ་ཞིག་སྤྲོད་ཀྱི་མེད་པ་དང་། གལ་ཏེ་ཐོབ་ཐང་སྤྲད་པའི་དབང་དུ་བཏང་རུང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་ལ་མཉམ་འབྲེལ་བྱས་ནས་ཚོང་ལས་གཉེར་རྒྱུ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་སློབ་དགོས་པ། སྐབས་འགར་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་གསང་བའི་ལག་རྩལ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཞེས་བཙན་དབང་སྲིད་ཇུས་ཤིག་ལག་ལེན་བསྟར། དེས་ན་ཨ་མི་རི་ཀས་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ཏེ། ཁོ་ཚོས་མཉམ་འབྲེལ་ཚོང་ལས་གཉེར་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་ནས་བཀག་སྡོམ་བྱ་རྒྱུ། དཔེར་ན་རྒྱ་ནག་གི་ཀྲུང་ཞིན་ཁ་པར་བཟོ་ཚོང་ཁང་གི་ཁ་པར་གྱི་མ་ལག་གནད་འགག་ཅན་ཁག་ཅིག་ཨ་མི་རི་ཀའི་ཐོན་སྐྱེད་ཡིན་པ་དང་། ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་བྱེད་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཀྲུང་ཞིན་ཁ་པར་བཟོ་ཚོང་ཁང་གིས་ཚོང་ལས་གཉེར་ཆོག་གི་མེད་ཀྱང་ཀྲུང་ཞིན་ཁ་པར་བཟོ་ཚོང་ཁང་གིས་བྱང་ཀོ་རི་ཡ་དང་ཨི་རན་སོགས་ལ་ཨ་མི་རི་ཀའི་ཁ་པར་བཟོ་ཚོང་ཁང་དེའི་ཐོན་སྐྱེད་ཕྱིར་ཚོང་བྱས་པར་བརྟེན། ཨ་རིའི་གཞུང་གིས་རྒྱ་ནག་གི་ཀྲུང་ཞིན་ཁ་པར་བཟོ་ཚོང་ཁང་ལ་ཚོང་ལས་བཀག་ནས་མ་རྩ་བརྡིབ་གྲབས་སུ་གྱུར། གལ་སྲིད་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་ཀྲུང་ཞིན་ཁ་པར་བཟོ་ཚོང་ཁང་སྐྱོབ་མེད་ན་རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་དེ་སྒོ་རྒྱག་དགོས་ཐུག་འདུག

XS
SM
MD
LG