ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་དམག་གྲུ་ཞིག་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད། 


༄༅།། ཨ་རིའི་མཚོ་དམག་གི་མེ་ཤུགས་འཕུར་མདེལ་འཁྱེར་པའི་དམག་གྲུ་ཞིག་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེང་ལ་བསྐྱོད། འདི་ནི་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀའི་དམག་གྲུ་ཞིག་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེང་ལ་བསྐྱོད་པ་ཐེངས་དང་པོར་གྱུར། དམག་གྲུ་དེ་ཉི་ཧོང་གི་ས་ཐོག་ཏུ་ཡོད་པའི་ཨ་རིའི་མཚོ་དམག་གི་དཔུང་སྡེ་༧་པའི་ཁོངས་ཀྱི་ཇཱོན་མེ་ཁན་དམག་གྲུ་ཆེན་མོ་ཡིན་ཞིང་། ཨ་རིའི་མཚོ་དམག་གི་མགྲིན་ཚབ་པ་ཇཱོ་ཁེ་ལིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨ་མི་རི་ཀའི་དམག་གྲུ་ཞིག་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེང་ལ་བསྐྱོད་པ་ནི་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་གྱི་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཨ་རིའི་དམག་གྲུ་ཁག་ཕྱོགས་ཡོངས་ལ་སྐོར་གཡེང་དུ་བསྐྱོད་རྒྱུ་ཡིན་ཞེས་བཤད། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ཐེ་ཝན་རང་བཙན་ལ་ངན་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ཐེ་ཝན་གྱི་འགོ་ཁྲིད་ཚོ་རང་བཙན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་ན་དམག་འཁྲུག་མ་གཏོགས་འགྲོ་ས་མེད་ཅེས་སྡིགས་ར་བསྐུལ།།

ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་དང་ཨ་རིའི་སྲིད་གཞུང་གསར་པའི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་རྒྱུ་ཡིན་མིན་གྱི་འགག་རྩ་ཞིག་ཏུ་གྱུར། བྷ་ཌན་གྱིས་སྲིད་དབང་བཟུང་བའི་བདུན་ཕྲག་དང་པོ་དེར་རྒྱ་ནག་གཞུང་གིས་སྔ་རྗེས་སུ་དམག་གི་གནམ་གྲུ་བཅུ་གྲངས་ཤིག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་ནས་འཇིགས་སྣང་བསྐུལ། ཐེ་ཝན་གྱིས་ཀྱང་དམག་གི་གནམ་གྲུ་བཏང་ནས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་མདེལ་འཕེན་གནམ་གྲུ་རྣམས་མཐར་བསྐྲད། རྒྱ་ནག་གི་གནམ་དམག་གིས་ཐེ་ཝན་ལ་དཔུང་འཇུག་དང་གཏོར་རྒོལ་གྱི་ཇུས་གཤོམ་ཅི་ཞིག་བྱེད་ཀྱི་ཡོད་མེད་སོགས་ལ་རྟོག་ཞིབ་གཟབ་ནན་བྱ་དགོས་བྱུང་ཞིང་། རྒྱ་ནག་གིས་ཨ་མི་རི་ཀའི་དམག་གྲུ་ཁག་ཐེ་ཝན་མཚོ་འགག་ལ་སྐོར་གཡེང་དུ་སྐྱོད་ཀྱི་ཡོད་པ་ནི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་དང་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་སྐྱོན་བཙུགས། ༢༠༢༡་གི་ཕྱི་ལོ་གསར་པའི་སྔ་ནུབ་དེར་ཨ་རིའི་དམག་གྲུའི་དཔུང་སྡེ་ཞིག་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེང་ལ་བསྐྱོད་ཡོད་པར་མ་ཟད། ༢༠༢༠་ལོར་ཨ་མི་རི་ཀའི་དམག་གྲུ་རྣམས་ཐེངས་༡༣་ལ་ཐེ་ཝན་མཚོ་འགག་བརྒྱུད་ནས་སྐོར་གཡེང་ལ་བསྐྱོད་འདུག ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཐེ་ཝན་ལ་ཨེ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་དང་འཕུར་མདེལ་གསར་པ། ལྕགས་ཁྲབ་འཁོར་ལོ་སོགས་སྔོན་ཆད་ཨ་རིའི་སྲིད་གཞུང་མང་དག་ཅིག་གིས་བཙོངས་མྱོང་མེད་པའི་རང་སྲུང་དང་ཕར་རྒོལ་གྱི་མཚོན་ཆ་སྣ་མང་ཞིག་བཙོངས། ད་དུང་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཚུད་པའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཐེ་ཝན་ལ་འཚམས་འདྲིར་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ཡོད་པ་རེད།།

བྷ་ཌན་གྱི་སྲིད་གཞུང་གསར་པའི་ལས་སྣེ་ཚོས་གསར་འགོད་པ་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་གླེང་མོལ་བྱས་པར་གཞིགས་ན། ད་ལྟའི་སྲིད་གཞུང་གསར་པས་ཀྱང་སྲིད་གཞུང་སྔོན་མས་ཐེ་ཝན་ལ་ལག་ལེན་བསྟར་པའི་སྲིད་ཇུས་རྣམས་མུ་མཐུད་དུ་ལག་ལེན་བསྟར་རྒྱུའི་རྣམ་པ་གསལ་པོར་མངོན། བདུན་ཕྲག་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱིས་ངེས་གཏན་བྱུང་བའི་ཕྱི་སྲིད་དྲུང་ཆེ་གསར་པས་ང་ཚོས་ཐེ་ཝན་ལ་རང་སྲུང་གི་སྟོབས་ཤུགས་བསྐྲུན་རྒྱུ་དེར་ཁག་ཐེག་བྱ་དགོས། བྷ་ཌན་གྱི་སྲིད་གཞུང་གིས་ཨ་རིས་ཁས་ལེན་དམ་བཅའ་རྣམས་མཐའ་གཅིག་ཏུ་བསྒྲུབ་ངེས་ཡིན་ཞེས་བཤད། དེ་རིང་ཕྱི་ཟླ་༢་པའི་ཚེས་༤་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གྷུ་ཡ་ནའི་རྒྱལ་སར་ལས་ཁུངས་ཤིག་བཙུགས་ཡོད། ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་མིང་རྟགས་བཀོད་པའི་གྲོས་མཐུན་དེར་གྷུ་ཡ་ནའི་གཞུང་གིས་ཀྱང་ཐེ་ཝན་གྱི་ས་ཐོག་ཏུ་ལས་ཁུངས་ཤིག་འཛུགས་རྒྱུ་ཡིན་མིན་ཐག་གཅོད་བྱ་དགོས་པ་འཁོད་ཡོད་ཅེས་གསལ་བསྒྲགས་སྤེལ། གྷུ་ཡ་ནར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་ཐེ་ཝན་དང་གྷུ་ཡ་ན་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་པར་དགའ་བསུ་ཡོད། ཐེ་ཝན་དང་གྷུ་ཡ་ན་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཕྱི་སྲིད་དྲུང་ཆེའི་ལས་རོགས་ཇུ་ལི་ཁྲུང་གིས་ཀྱང་ཐེ་ཝན་དང་གྷུ་ཡ་ནས་འབྲེལ་བ་བཙུགས་པ་ནི་ཕྱོགས་གཉིས་ཀྱི་བདེ་འཇགས་དང་དམངས་གཙོའི་ལམ་ལུགས། ཡར་རྒྱས་བཅས་ལ་དགེ་ཚན་ཆེན་པོ་ཡོད་པ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་ཇཱོ་བྷ་ཌན་གྱིས་ཐེ་ཝན་ལ་རྒྱ་ནག་གི་དྲག་པོའི་འཇིགས་སྐུལ་གྱི་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་འདུག ཨ་མི་རི་ཀས་དམངས་གཙོའི་ལམ་ལུགས་དར་ཡོད་པའི་མཚོ་གླིང་དེར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད་ཀྱང་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་མ་གླེང་། ཕྱི་ཟླ་༢་པའི་ཚེས་༣་ཉིན་ཨ་རིའི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཅིག་གི་རྩ་དོན་ལ་འགྱུར་བ་མེད་ཅེས་གསལ་ཁ་གཏད། ཐེ་ཝན་གྱི་ཏམ་ཁཱང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་དང་འཐབ་ཇུས་ཞིབ་འཇུག་སློབ་གླིང་གི་སློབ་དཔོན་ལི་ཏ་ཇུང་གིས་བཤད་པ་ལྟར་ན། རྒྱ་ནག་གཅིག་གི་རྩ་དོན་ནི་༡༩༧༩་ལོར་ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་བཟུང་སྟེ་ལག་ལེན་བསྟར་པའི་སྲིད་ཇུས་ཤིག་རེད། རྒྱ་ནག་གཅིག་གི་རྩ་དོན་ཁོངས་སུ་ཨ་མི་རི་ཀས་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ངོ་མ་དེ་པེ་ཅིང་ཡིན་པ་ཁས་བླངས་ཡོད། ཡིན་ནའང་༡༩༨༢་ནས་ཨ་མི་རི་ཀས་ཐེ་ཝན་ལ་ཁག་ཐེག་དོན་ཚན་༦་བྱས་ནས་འབྲེལ་བ་ཚུགས་ཡོད། དེས་ན་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ལ་དངོས་སུ་ཕྱི་འབྲེལ་མེད་ཀྱང་ཨ་རིའི་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་དེར་འགྱུར་བ་ཐེབས་མི་སྲིད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཅིག་གི་རྩ་དོན་ལ་འགྱུར་བ་མེད་ཅེས་གསལ་ཁ་གཏད་པ་ནི་ཨ་རིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་བ་ཞིག་མཚོན་མི་ཐུབ། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས་མཚོ་འགག་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱ་དགོས། རྒྱ་ནག་དང་ཐེ་ཝན་གྱིས་རང་གི་རྩོད་གཞི་རྣམས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་དགོས་པའི་ལངས་ཕྱོགས་འཛིན་ཐུབ་ཀྱི་ཡོད་པ་རེད་ཅེས་བཀྲལ།།

ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཉམས་ཞིབ་ཁང་སྟེ། ཨ་མི་རི་ཀའི་དོན་དངོས་ཀྱི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་ཁབ་ཀུན་པོར་ཐེ་ཝན་ལ་འབྲེལ་བ་འཛུགས་པ་དང་མཉམ་འབྲེལ་བྱེད་ཆོག་པའི་རང་དབང་ཡོད་དགོས། ཐེ་ཝན་གྱིས་རྒྱལ་སྤྱིའི་ཐོག་ཏུ་ཟླ་གྲོགས་ཇེ་མང་དུ་གཏོང་བ་དང་ཏོག་དབྱིབས་ནད་དུག་སྔོན་འགོག་ཚུད་པའི་གོ་ལའི་ཁྱོན་གྱི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཐེ་ཝན་མཚོ་འགག་ལ་དམག་གྲུ་སྐོར་གཡེང་བཏང་བ་དང་ཕྱི་སྲིད་ལྷན་ཁང་གིས་རྒྱལ་ཁབ་གཞན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་པར་རྒྱབ་སྐྱོར་དང་དགའ་བསུའི་གསལ་བསྒྲགས་སྤེལ་བ། གཟའ་ཟླ་བའི་ཉིན་ཨ་རིའི་དམག་དོན་གནམ་གྲུ་ཞིག་ཐེ་ཝན་གྱི་མཁའ་དབྱིངས་ཉེ་འཁྲིས་སུ་འཕུར་སྐྱོད་བྱས་པ། གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀའི་དམག་གྲུ་ཞེས་མིང་འབོད་མ་བྱས་པར་ཐེ་ཝན་མཚོ་འགག་ནས་དམག་གྲུ་ཞིག་སྐོར་གཡེང་དུ་འབྱོར་བ་ངོ་མ་རེད་ཅེས་གསལ་བསྒྲགས་སྤེལ་གྱི་ཡོད་པ་སོགས་དམག་འཁྲུག་ཆེན་པོ་ཞིག་གི་སྣ་འདྲེན་དུ་འགྱུར་སྲིད། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོས་སྐད་ཆ་བཤད་སྟངས་དང་རྒྱལ་སྲུང་ལྷན་ཁང་གིས་སྲིད་ཇུས་ལག་ལེན་བསྟར་སྟངས་བཅས་ཀྱིས་རྒྱ་ནག་གི་རྣམ་རྟོག་ཤུགས་ཆེ་རུ་གཏོང་ཤས་ཆེ། སྔ་ལོ་གཅིག་པུར་རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་ཐེངས་༣༨༠་བྱས་སོང་། ད་ལོ་ཡང་རྒྱ་ནག་གིས་ཐེ་ཝན་ལ་གནམ་མཚོ་གཉིས་ནས་དྲག་པོའི་སྡིགས་ར་བསྐུལ་རྒྱུ་ཇེ་མང་དུ་འགྲོ་སྲིད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG