ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་ལྟ་ཉན་དྲྭ་སྐུད་འཐེན་ཡོད་སྐད།


༄༅།། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཞིབ་འཇུག་སྙན་ཐོ་གསར་ཤོས་ཤིག་བཏོན་ཡོད་པ་དེར་རྒྱ་ནག་གིས་ཧི་མ་ལ་ཡའི་ལྟ་ཉན་དྲྭ་སྐུད་ཅེས་པའི་ལས་དྲྭ་ཞིག་བཙུགས་ཏེ་ཧིན་བོད་ས་མཚམས་སུ་དྲྭ་སྐུད་འཐེན་ནས་རྒྱ་གར་གྱི་དམག་དཔུང་འདྲེན་གཏོང་དང་འགྲེམ་འཇོག རྒྱ་གར་གྱི་དམག་གིས་ཧིན་བོད་ས་མཚམས་སུ་འགུལ་སྤྱོད་ཅི་ཞིག་རྒྱག་གི་ཡོད་མེད་རྣམས་དུས་ཐོག་ཏུ་ལྟ་ཉན་བྱེད་ཐུབ་པའི་ཡོ་བྱད་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༡༡་པའི་ཚེས་༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་རིའི་རྒྱལ་ལྷན་ཁང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་༢༠༢༡་ལོའི་དམག་དོན་དང་བདེ་འཇགས་ཞེས་པའི་སྙན་ཐོ་ཞིག་བཏོན། ཨ་རིའི་སྙན་ཐོ་དེར་༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲོག་སྦྱོར་གྱི་གནས་ཚུལ་བྱུང་ནས་བཟུང་། རྒྱ་ནག་གིས་འཕྲལ་དུ་ཧི་མ་ལ་ཡའི་ནུབ་ཕྱོགས་ཀྱི་གནད་འགག་ཆེ་བའི་ཐག་རིང་གི་ས་གནས་ཁག་ཅིག་ལ་ལྟ་ཉན་དྲྭ་སྐུད་འཐེན་ཏེ་སྐབས་ཐོག་སོ་སོར་གསང་བའི་གནས་ཚུལ་བསྡུ་ལེན་དང་ལྟ་རྟོག དམག་དོན་མྱུལ་ཞིབ་བྱེད་ཐུབ་པའི་ནུས་པ་རྒྱ་སྐྱེད། རྒྱ་ནག་གི་དམག་དོན་བརྡ་འཕྲིན་གྱི་མྱུར་ཚད་ཇེ་མགྱོགས་དང་སྲུང་སྐྱོབ་དམ་པོ། གཞན་གྱིས་དེ་ལ་ལྐོག་ཏུ་ལྟ་ཉན་བྱེད་མི་ཐུབ་པའི་དམག་དོན་འཐབ་ཇུས་ལ་མཁོ་བའི་མཐུན་རྐྱེན་བསྐྲུན་རྒྱུ་ཇེ་མང་དུ་བཏང་འདུག རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་བྱས་ནས་ཕྱོགས་ཀྱི་འབྲེལ་བ་སྡུག་ཏུ་མི་འགྲོ་བའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་དོན་དངོས་སུ་ཕྱོགས་གང་ཐད་ནས་རྒྱ་དཀར་ནག་གི་འབྲེལ་བ་ཛ་དྲག་ཅན་ཞིག་ལ་གྱུར་འདུག་ཅེས་གསལ་སྟོན་བྱས་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཞིབ་འཇུག་སྙན་ཐོ་ལུང་འདྲེན་བྱས་ནས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་ཕྲད་ཀྱང་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་ལ་སྦྱོང་བརྡར་སྤྲོད་རྒྱུ་དང་རྒྱ་གར་ལ་འཁྲུག་རྩོད་སློང་རྒྱུ། ས་མཚམས་ཁག་གི་དམག་དོན་མཐུན་རྐྱེན་འཛུགས་སྐྲུན་དང་མཚོན་ཆ་འགྲེམ་འཇོག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། རྒྱ་ནག་གིས་རྒྱ་གར་དང་ཐེ་ཝན་གཉིས་ལ་མངོན་སུམ་འཛེམ་མེད་ཀྱིས་སྡིགས་ར་བསྐུལ་ནས་དམག་སྦྱོང་་བྱེད་པ་དང་ས་མཚམས་སུ་དཔུང་འཛུལ་བྱས་ནས་འཁྲུག་རྩོད་སློང་རྒྱུ་ཇེ་མང་། རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞིར་གྱུར་པའི་ས་མཚམས་ཁག་ཏུ་རྒྱ་དམག་དཔུང་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པས་རྒྱ་གར་གཞུང་དམངས་གཉིས་ཀས་རྒྱ་ནག་ལ་འབྲེལ་བ་འཛིན་གྱི་ལྟ་སྟངས་ལ་རྦད་དེ་འགྱུར་བ་ཐེབས་འདུག དེར་བརྟེན་རྒྱ་གར་གྱིས་ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ཨ་མི་རི་ཀ་བཅས་ལ་འབྲེལ་བ་ཡར་རྒྱས་བཏང་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཚོགས་འཛུགས་ཐུབ་པ་བྱུང་བ་རེད། རྒྱ་དཀར་ནག་གི་རྩོད་གཞིར་གྱུར་པའི་ས་མཚམས་ཁག་ཏུ་ཕྱོགས་གཉིས་ཀྱི་དམག་དཔུང་གདོང་ཐུག་འབྱུང་གྲབས་དང་འཁྲུག་རྩོད་འབྱུང་གྲབས་བྱེད་ཀྱི་ཡོད་པར་སྣང་ཆུང་གཏན་ནས་གཏོང་མི་ཉན། ཅིའི་ཕྱིར་ཞེ་ན་འཁྲུག་རྩོད་དེ་རྒྱ་དཀར་ནག་གི་འཁྲུག་རྩོད་འབའ་ཞིག་མིན་པར་ཨེ་ཤི་ཡའི་མངའ་ཁུལ་གྱི་འཁྲུག་རྩོད་ཅིག་ལ་འགྱུར་རྒྱུ་དང་མཐའ་མཇུག་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཆེ་ཞེས་བཀོད། སྔ་ལོ་ནས་རྒྱ་དཀར་ནག་གཉིས་ཀས་བོད་དང་ཞིན་ཅང་། ལ་དྭགས་དང་མོན་ཡུལ་བཅས་ཧིན་བོད་ས་མཚམས་ཀྱི་ས་གནས་ཁག་ལ་དམག་སྒར་གསར་འཛུགས་དང་རྒྱ་ལམ། ཟམ་པ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་ཕུག་ལམ་རྣམས་འཛུགས་སྐྲུན་བྱས་ནས་དམག་དོན་ལ་མཁོ་བའི་མཐུན་རྐྱེན་ཁག་འཛུགས་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག

གཟའ་མིག་དམར་ཉིན་ཎི་ཁེ་ཨེ་ཤི་ཡའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་བཏང་བའི་རྗེས་སུ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུ་དེར་དམིགས་པ་ཤུགས་ཆེན་པོ་ཞིག་གཏོད་ཐུབ་ཀྱི་མི་འདུག ཧིན་བོད་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་གདོང་ཐུག་འབྲུང་གྲབས་ཐེངས་འགའ་ཞིག་བྱུང་ཡང་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཆེན་པོ་ཞིག་ལ་གྱུར་མ་སོང་། ཡིན་ནའང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་བཏོན་པའི་ཞིབ་འཇུག་སྙན་ཐོ་དེར་རྒྱ་ནག་གིས་རྒྱ་གར་དང་ཐེ་ཝན་གཉིས་ཀར་དུས་མཉམ་དུ་དམག་འཁྲུག་རྒྱག་ཐུབ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྟགས་མཚན་འདུག རྒྱ་ནག་གིས་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པ་ནི་ཧིན་བོད་ས་མཚམས་སུ་རྩོད་གཞིར་གྱུར་པའི་ས་གནས་ཁག་གི་བདག་དབང་རྒྱ་ནག་ལ་ཡོད་ཅེས་ས་མཚམས་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་ཞིག་རེད། བཅའ་ཁྲིམས་དེ་ལག་ལེན་བསྟར་ན་རྒྱ་ནག་གིས་རང་ངོས་ནས་ས་མཚམས་གཏན་འབེབས་བྱེད་ཆོག་ཅེས་འཁོད། དེ་ནི་རྒྱ་གར་ལ་ས་མཚམས་ཀྱི་གྲོས་མོལ་བྱེད་དུ་འཇུག་རྒྱུའི་གནོན་ཤུགས་དང་ཐབས་ཇུས་ཤིག་ཡིན་སྲིད། ལོ་གཅིག་དང་ཕྱེད་ཀའི་སྔོན་ལ་རྒྱ་དམག་གིས་ལ་དྭགས་ཀྱི་ས་གནས་ཁག་ཅིག་ཏུ་བཙན་བཟུང་ཡོད་པ་རྒྱ་གར་གྱིས་ཤེས་རྟོགས་བྱུང་སྟེ་ཧང་སང་དགོས་པ་ཞིག་ཏུ་གྱུར་པ་རེད། རྒྱ་གར་གྱིས་དེ་ལ་འཐབ་རྒོལ་བྱས་ཏེ་༡༩༧༥་ནས་རྒྱ་དཀར་ནག་གཉིས་ལ་བྱུང་མྱོང་མེད་པའི་རྒོལ་འཛིང་ཞིག་བྱུང་། དེ་ནས་རྒྱ་གར་གྱིས་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་ནག་ལ་གཅིག་ལན་གཅིག་དང་གཉིས་ལན་གཉིས་བྱས་ནས་དམག་དཔུང་དང་མཚོན་ཆ་འགྲེམ་འཇོག དམག་སྦྱོང་དང་རྡུལ་ཕྲན་མཚན་ཆ། མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་གི་ཡོད་པས་རྒྱ་ནག་གིས་རང་སྣང་གང་དྲན་གྱི་སྒོ་ནས་ཧིན་བོད་ས་མཚམས་ཀྱི་དབང་སྒྱུར་ས་ཚིགས་བརྒལ་ནས་དཔུང་འཛུལ་བྱེད་དཀའ་ཞེས་བཀོད།།

རྒྱ་གར་གྱི་ཕྱི་སྲིད་བློན་ཇཱེ་ཤན་ཁར་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གི་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་ཞེས་པ་ནི་ཕྱོགས་གཅིག་རྐྱང་པས་ཐག་གཅོད་བྱས་པ་ཞིག་རེད། བཅའ་ཁྲིམས་དེ་ལག་ལེན་བསྟར་ནས་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ཏེ་རྒྱུག་གི་ཡོད་པའི་ཆུ་བོ་རྣམས་ཁ་སྒྱུར་བྱེད་ཆོག་པ་དང་ཆུ་སྨད་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱང་རྒྱ་ནག་ལ་ཆུ་བོ་དེ་དག་ཁ་སྒྱུར་བྱེད་ཆོག་པའི་ཐོབ་ཐང་ཡོད། ཡར་ཀླུང་གཙང་པོ་དང་རྫ་ཆུ་ལྟ་བུའི་འབྱུང་ཁུངས་བོད་ལ་ཐུག་ཡོད་པའི་ཆུ་བོ་ཆེ་ཁག་གི་བདག་དབང་རྒྱ་ནག་གཅིག་པུར་ཡོད་ཟེར་གྱི་ཡོད་པ་རེད། རྒྱ་གར་གྱིས་དེ་ལ་ནམ་ཡང་མོས་མཐུན་བྱེད་མི་ཐུབ་པ་དང་ཡར་ཀླུང་གཙང་པོ་ནི་རྒྱ་གར་ཤར་ཕྱོགས་ཀྱི་མི་མང་ས་ཡ་མང་པོའི་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་གི་འབྱུང་ཁུངས་ཡིན་ཞེས་དགག་པ་བརྒྱབ། ཎི་ཁེ་ཨེ་ཤི་ཡའི་གསར་འགྱུར་ལས་ཁང་གིས་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་གི་ཛ་དྲག་ཆེ་བའི་སྐབས་དེར་རྒྱ་ནག་གིས་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་ལག་ལེན་བསྟར། རྒྱ་ནག་གིས་བོད་ནས་རྒྱུག་གི་ཡོད་པའི་ཆུ་བོ་རྣམས་བཀག་སྟེ་རྒྱ་གར་ལ་གནོན་ཤུགས་སྤྲོད་ཐབས་བྱས་འདུག ༢༠༡༧་ནས་རྒྱ་ནག་གིས་བོད་ཀྱི་ཆུ་བོ་ཆེ་ཁག་རྣམས་བཀག་སྟེ་རྒྱ་གར་ལ་གནོན་ཤུགས་སྤྲོད་པའི་མཚོན་ཆ་ལྟར་བཀོལ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་དཀར་ནག་གཉིས་ཀྱིས་གྲོས་མཐུན་བཞག་པ་ལྟར་ཆར་ཞོད་ཀྱི་དུས་སུ་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་བོད་ཀྱི་ཆུ་མཛོད་ཁག་གི་ཆུའི་མཐོ་ཚད་ཅི་ཙམ་རྒྱས་ཡོད་མེད། ཚད་པའི་དུས་སུ་ཆུ་མཛོད་དེ་དག་གི་ཆུའི་མཐོ་ཚད་ཅི་ཙམ་དམའ་རུ་ཕྱིན་ཡོད་མེད་རྣམས་རྒྱ་གར་ལ་གཏན་ནས་གསལ་བཀྲོལ་བྱེད་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་སྙན་ཐོ་དེར་༢༠༣༠་ཐམ་པའི་མཚམས་སུ་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་༡༠༠༠་ཡས་མས་ཤིག་བཟོ་ཐུབ་རྒྱུའི་ཚོད་དཔག་བྱས་ཡོད་པ་ནི་མངའ་ཁུལ་དེའི་དམངས་གཙོའི་རྒྱལ་ཁབ་ཁག་གིས་དོགས་ཟོན་དང་འཇིགས་སྣང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། སྔོན་ཆད་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་དོན་མི་སྣ་ཚོས་གྲོས་མོལ་བྱས་ནས་དམག་འཁྲུག་ལ་གཡོལ་ཐབས་དང་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་ཀྱི་མཉམ་འབྲེལ་ལས་དོན་ཁག་ཅིག་བསྒྲུབས་མོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་ཨ་རི་དང་རྒྱ་ནག་གི་དམག་དོན་མི་སྣའི་གྲོས་མོལ་མཚམས་ཆད། ཨ་མི་རི་ཀའི་གནམ་དམག་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཁེ་ཝྭིན་ཤཱི་ནེ་ཌར་གྱིས་ངས་རྒྱ་ནག་གི་དམག་དོན་མི་སྣ་ཚོར་ཕྱོགས་གཉིས་ཀྱི་གྲོས་མོལ་མཚམས་ཆད་ཡོད་པ་འཕྲོ་སྐྱོང་བྱ་དགོས་ཞེས་གྲོས་འགོ་བཏོན་པ་ཡིན། ད་ལྟ་ཨ་རྒྱའི་དམག་དོན་མི་སྣའི་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་རྒྱུ་ཡིན་མིན་ནི་རྒྱ་ནག་ལ་ཐུག་ཡོད། ཨ་རི་དང་རྒྱ་ནག་གི་དམག་དོན་མི་སྣའི་གྲོས་མོལ་ཁག་ལ་རྟག་ཏུ་གྲུབ་འབྲས་ཐོན་པ་དང་མོས་གཉིས་འབྱུང་གི་ཡོད་པའི་ངེས་པ་མེད། ཡིན་ནའང་ཨ་རྒྱའི་དམག་དོན་མི་སྣ་ཚོས་གྲོས་མོལ་ཞིག་བྱེད་ན་ཕན་ཚུན་གྱི་ལྟ་ཚུལ་དང་བློ་འཚབ་རྣམས་ཤེས་རྟོགས་ཐུབ་པའི་ཕན་ཐོགས་ཡོད། ང་ཚོ་རྩིས་ལོག་ཐེབས་ནས་དམག་འཁྲུག་སློང་བའམ། ཡང་ན་གོ་ནོར་ཐེབས་པ་དང་དོགས་པའི་དབང་གིས་འཁྲུག་རྩོད་སློང་སྲིད་པ་རྣམས་འགོག་ཐུབ། དེང་སྐབས་རྒྱ་ནག་གི་དམག་དོན་མི་སྣ་ཚོར་གྲོས་མོལ་བྱེད་མི་ཐུབ་པ་དང་གྲོས་མོལ་བྱ་ཡུལ་མེད་པ་ནི་བློ་འཚབ་བྱེད་དགོས་པ་ཞིག་རེད་ཅེས་བསྟན།།

XS
SM
MD
LG