ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་བདེ་འཇགས་གྲོས་མོལ་བྱ་རྒྱུ། 


༄༅།། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་དུ་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ། ཨུ་རུ་སུ་དང་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་དམག་དཔུང་འབུམ་གཉིས་ལྷག་འགྲེམ་འཇོག་བྱས་ནས་ཕྱོགས་གཉིས་ཀས་དམག་གྲ་སྒྲིག་ཡོད་པའི་ཛ་དྲག་ཞི་འཇམ་གཏོང་ཐབས་ལ་གྲོས་སྡུར་བྱ་རྒྱུའི་ཐག་གཅོད་བྱུང་འདུག དེ་ཡང་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར་བརྗོད་དོན་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་གྲོས་མོལ་བྱ་རྒྱུ་དང་ཚེས་༡༢་ཉིན་ཨུ་རུ་སུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་གཉིས་ཀྱིས་གྲོས་མོལ་བྱ་རྒྱུ། ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་བདེ་འཇགས་དང་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཨུ་རུ་སུའི་གནད་དོན་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པ་སྟེ། མགྲིན་ཚབ་པ་དེས་ང་ཚོས་ཨུ་རུ་སུ་ལ་གྲོས་མོལ་བྱེད་པའི་དུས་སུ་ཕ་རོལ་པོར་བློ་འཚབ་ཅི་ཞིག་ཡོད་པ་དེར་གླེང་སློང་བྱེད་ཆོག་པ་དང་ང་ཚོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་འབྱུང་སྲིད་པའི་བློ་འཚབ་ཡོད་པ་རྣམས་གླེང་སློང་བྱེད་ཆོག ང་ཚོས་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་ཐུབ་ས་དང་ང་ཚོ་གྲོས་མཐུན་ཡོང་མི་ཐུབ་ས་གཉིས་ཀ་འབྱུང་གི་རེད། འདི་ནི་ཕྱི་འབྲེལ་གྱི་ཐབས་ཇུས་ཤིག་རེད། སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་ལ་འཛིན་པའི་སྲིད་ཇུས་ནི་འགྱུར་བ་མེད་པའི་གསལ་པོ་རེད། ང་ཚོས་ཨུ་རུ་སུའི་ཐོག་ཏུ་བཀག་སྡོམ་དང་ཕྱི་འབྲེལ་གྱི་ཐབས་ཇུས་གཉིས་ཀ་ལག་ལེན་བསྟར་རྒྱུ་ཡིན། གལ་སྲིད་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་དེ་ལ་ལན་པ་གང་འདྲ་ཞིག་སློག་དགོས་མིན་ཐད་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལངས་ཕྱོགས་གཅིག་གྱུར་ཡིན། ཡུཀ་རེན་གྱི་ཁེ་ཕན་ཆེད་དུ་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་གནད་དོན་གང་ཡང་ཐག་གཅོད་བྱ་འཆར་མེད་ཅེས་བསྟན།།

ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་རྣམ་གཉིས་ཀྱིས་༢༠༢༡ ཟླ་༡༢ ཚེས་༧ ཉིན་དྲ་ལམ་མཇལ་མོལ་གནང་བ།
ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་རྣམ་གཉིས་ཀྱིས་༢༠༢༡ ཟླ་༡༢ ཚེས་༧ ཉིན་དྲ་ལམ་མཇལ་མོལ་གནང་བ།

ཟླ་གཅིག་ལྷག་གི་གོང་དུ་ཨུ་རུ་སུའི་དམག་དཔུང་འབུམ་གཅིག་དང་ཁྲི་ཚོ་བདུན་ལྷག་ཡུཀ་རེན་གྱི་ས་མཚམས་སུ་འགྲེམ་འཇོག་བྱས་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་དམག་གིས་སླར་ཡང་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་རྒྱལ་ཁབ་དེའི་མཐའ་མཚམས་ཀྱི་ས་གནས་ཁག་བཙན་འཕྲོག་བྱེད་སྲིད་པའི་བློ་འཚབ་བྱུང་། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རི་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་ཤིང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ང་ཚོར་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་འཆར་གཞི་མེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་མཐའ་མཚམས་བར་དུ་རྒྱ་སྐྱེད་བྱེད་མི་ཆོག ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ཡོད་པ་ནི་རྒྱུན་ལྡན་གྱི་དམག་སྦྱོང་ཞིག་ཡིན་ཞེས་བཀྲལ། ཨིན་ཊར་ཧྥེཀ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་ཁྲི་ཚོ་གཅིག་ཡུཀ་རེན་གྱི་ས་མཚམས་ནས་རང་གི་དམག་སྒར་ཁག་ལ་ཕྱིར་འཐེན་བྱས་ཟིན་ཡོད་ཅིང་། དམག་དོན་ཉམས་ཞིབ་པ་ཚོས་༢༠༢༢་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་ཕྱོགས་འགའ་ཞིག་ནས་བཙན་འཛུལ་བྱས་ཏེ་ཡུཀ་རེན་སླར་ཡང་ཨུ་རུ་སུའི་དབང་སྒྱུར་འོག་ཏུ་བསྡུ་བའམ། ཡང་ན་ཡུཀ་རེན་གྱི་ཤར་ཕྱོགས་ས་མཚམས་ཁག་ཏུ་ཨུ་རུ་སུའི་མི་རིགས་གྲངས་མང་ཡིན་པའི་ས་གནས་ཁག་ཨུ་རུ་སུའི་མངའ་ཁོངས་སུ་བསྡུ་རྒྱུའི་དམིགས་ཡུལ་ཡིན་སྲིད་ཅེས་དཔྱད་བརྗོད་སྤེལ། ཨུ་རུ་སུའི་དམག་ཁྲི་ཚོ་གཅིག་ཕྱིར་འཐེན་བྱས་ཀྱང་ད་དུང་དམག་ཁྲི་ཚོ་བདུན་ནས་འབུམ་གཅིག་ཡས་མས་ཤིག་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་རང་སོར་བཞག ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་སྔོན་ཆད་བྱུང་མྱོང་མེད་པའི་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་འཆར་ཡོད་ཅེས་ཉེན་བརྡ་བཏང་འདུག

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་མིན་པའི་ཁས་ལེན་བྱ་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱིས་ང་ཚོར་ཨུ་རུ་སུའི་གཞུང་གིས་བཀོད་པ་གཏོང་མི་ཆོག་ཅེས་དགག་པ་བརྒྱབ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དྲྭ་ལམ་དུ་ཨ་རིའི་གྲོས་ཚོགས་འཐུས་མི་༢༠་ཐམ་པར་ཐུག་འཕྲད་བྱས་ནས་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཌོན་བྷ་སི་ས་གནས་ཀྱི་ས་མཚམས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་ཕོན་ཆེན་ཞིག་འགྲེམ་འཇོག་བྱེད་ཡོད་པ་ནི་བློ་འཚབ་བྱེད་དགོས་པའི་གནད་དོན་ཞིག་རེད། ཨུ་རུ་སུའི་གཞུང་གིས་རྒྱབ་སྐྱོར་བྱེད་བཞིན་པའི་གྱེན་ལོག་པ་ཚོས་༢༠༡༤་ནས་ཟིང་འཁྲུག་བསླངས་ཏེ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག ཡུཀ་རེན་གྱི་མཐའ་མཚམས་སུ་དམག་འཁྲུག་གི་ཉེན་ཁ་ཡོད་པ་ཞི་བའི་སྒོ་ནས་ཐག་གཅོད་བྱ་རྒྱུ་དེར་ཨ་མི་རི་ཀ་མཉམ་འབྲེལ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། ད་ལྟ་ཨ་མི་རི་ཀས་སྐད་ཆ་གཅིག་པུ་བཤད་ནས་འགྲིག་ཐབས་མེད་པ་དང་ཡུཀ་རེན་ལ་ལག་ལེན་གྱི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་སྔར་ལས་དགོས་མཁོ་ཆེ་རུ་ཕྱིན་འདུག ངའི་དམིགས་ཡུལ་ནི་ཡུཀ་རེན་གྱི་ཤར་ཕྱོགས་སུ་མི་གསོད་ཁྲག་སྦྱོར་འབྱུང་མི་དགོས་པ་དེ་ཡིན། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་ས་ཁུལ་དུ་དམག་འཁྲུག་ལངས་ན་ཡུ་རོབ་ལ་བདེ་འཇགས་མེད་པའི་ཉེན་ཁ་ཅི་ཙམ་འབྱུང་རྒྱུ་ཡིན་མིན་དམིགས་ཐུབ་པ་ཞིག་མ་རེད་ཅེས་འབོད་སྐུལ་ཞུས། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཀྱང་ང་ཚོར་ནམ་ཡང་དམག་འཁྲུག་བརྒྱབ་ནས་མི་གསོད་ཁྲག་སྦྱོར་འབྱུང་དུ་འཇུག་འདོད་མེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་སྒོ་རྩ་བར་དུ་རྒྱ་སྐྱེད་གཏོང་གི་ཡོད་པ་ང་ཚོའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་བཤད།།

གཟའ་ཉི་མར་ཨུ་རུ་སུའི་རྒྱལ་ཡོངས་བརྙན་འཕྲིན་ཁང་གིས་སྲིད་འཛིན་ཕུ་ཊིན་གྱི་ལོ་རེའི་གསར་འགོད་ལྷན་ཚོགས་རྒྱང་སྲིང་བྱས་པ་ལྟར་ན། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་གཞུང་གིས་བཏོན་པའི་དགོས་འདུན་ཁག་ལ་མོས་མཐུན་མ་བྱས་ཚེ། ཨུ་རུ་སུའི་དམག་དོན་མི་སྣ་ཚོས་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་གྲོས་གཞི་བཏོན་པ་རྣམས་ལག་ལེན་བསྟར་རྒྱུ་ཡིན། འདི་ནི་ཨུ་རུ་སུའི་བདེ་འཇགས་ལ་ཐུག་ཡོད་པའི་རྩ་དོན་ཞིག་ཡིན་པས་གནད་དོན་དེ་དམག་གིས་ཐག་གཅོད་བྱ་རྒྱུ་གཙིགས་སུ་འཛིན་རྒྱུ་ཡིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་སྐྱེད་དང་ཡུཀ་རེན་ཚུད་པའི་ཨུ་རུ་སུ་དགྲར་འཛིན་གྱི་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་དང་འཕུར་མདེལ་འཛུགས་རྒྱུ་དེར་ནམ་ཡང་མོས་མཐུན་མེད། ང་ཚོས་ཕྱི་འབྲེལ་གྱི་གྲོས་མོལ་བྱེད་པའི་སྐབས་སུ་ཁྲིམས་ཀྱི་རྒྱབ་གནོན་ཡོད་པ་དང་ཨུ་རུ་སུའི་བདེ་འཇགས་ལ་འགན་ལེན་ཡོད་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད། ང་ཚོ་ཐུག་འཕྲད་སྔ་ཙམ་བྱེད་ཐུབ་པའི་དགོས་འདུན་འདོན་གྱི་ཡོད་ཅེས་བཤད། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་སྲིད་འཛིན་བྷ་ཌན་དང་ཕུ་ཊིན་གཉིས་ཐུག་འཕྲད་གྲོས་མོལ་བྱ་དགོས་པའི་རེ་བ་བཏོན་མེད་ཞེས་གསལ་བཀྲོལ་བྱས་འདུག ཉམས་ཞིབ་པ་ཚོས་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཁྲིམས་ཐོག་ཏུ་རྩ་འཛིན་ཡོད་པའི་ཨུ་རུ་སུའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཁས་ལེན་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ཐོག་མར་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་མེད་པར་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུ་ལ་འབྲེལ་བ་སླར་གསོ་དང་ཡར་རྒྱས་གཏོང་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་ཞིང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་སྐྱེད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་མིན་ལ་ཡུ་རོབ་གྱི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལྟ་ཚུལ་གཅིག་གྱུར་ཡིན་མིན་ངེས་གཏན་བྲལ། དེས་ན་ཨུ་རུ་སུའི་གཞུང་གིས་བཏོན་པའི་དགོས་འདུན་དེ་ཚོར་ཨ་མི་རི་ཀས་མོས་མཐུན་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། གཟའ་མཇུག་དེར་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་ཡུཀ་རེན་དང་འཇོར་ཇཱི་ཡ་གཅིག་པུ་མིན། ཡུ་རོབ་རྒྱལ་ཁབ་སུད་ཌན་དང་ཧྥིན་ལན་ཌི་གཉིས་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་མི་ཆོག དེ་ལ་དམག་དོན་དང་ཆབ་སྲིད་གཉིས་ཀའི་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་སྲིད། ཨུ་རུ་སུས་དེ་ལ་ལན་པ་མ་བསློགས་པར་ཡན་པོར་འཇོག་གི་མ་རེད་ཅེས་ཉེན་བརྡ་བཏང་འདུག ད་ལྟའི་ཨུ་རུ་སུའི་གཞུང་གིས་༡༩༩༠་ཐམ་པའི་ལོར་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་གྷོར་བྷ་ཆོབ་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་སོར་གང་བྱ་རྒྱུ་མིན་ཞེས་ཁས་ལེན་བྱས་པ་ལག་བསྟར་བྱ་དགོས་ཞེས་ནན་གྱིས་བསྐུལ། ཨ་མི་རི་ཀའི་ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུ་ནི་སྔར་བཞིན་སྟོབས་ཆེན་རྒྱལ་ཁབ་ཅིག་མ་རེད། ཨུ་རུ་སུའི་དགོས་འདུན་ཁག་ལ་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་མོས་མཐུན་བྱེད་དགོས་དོན་མེད་པའི་ལྟ་ཚུལ་བཟུང་ཡོད་པས་ཟླ་བ་རྗེས་མའི་གྲོས་མོལ་ལ་གྲུབ་འབྲས་ཤིག་འཐོན་ཐུབ་རྒྱུ་ཡིན་མིན་བཤད་དཀའ། སྲིད་འཛིན་ཕུ་ཊིན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འཕུར་མདེལ་རྣམས་ཡུཀ་རེན་གྱི་ས་ཐོག་ཏུ་འཛུགས་སྲིད། དེ་ནས་འཕུར་མདེལ་དེ་རྣམས་དུས་ཡུན་སྐར་མ་བཞི་ལྔ་ཞིག་གི་ནང་དུ་མོ་སི་ཀོར་སྙོབ་ཐུབ། ཁོ་ཚོས་ང་ཚོ་ཕྱི་ནུར་རྒྱག་ས་མེད་པའི་མཚམས་དེར་བསྐྱལ་བ་རེད། ད་ནི་ཁོ་ཚོས་ངེས་པར་དུ་མཚམས་འཇོག་བྱེད་དགོས་པའི་དུས་སུ་བབ་ཡོད། ང་ཚོའི་འཕུར་མདེལ་རྣམས་ཨ་མི་རི་ཀའི་སྒོ་འགྲམ་དུ་བཙུགས་པ་མིན། ཨ་མི་རི་ཀའི་འཕུར་མདེལ་རྣམས་ཨུ་རུ་སུའི་སྒོ་རྩར་འཛུགས་རྩིས་ཡོད་པ་རེད་ཅེས་བཤད་འདུག

XS
SM
MD
LG