ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་པ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་གཟེངས་རྟགས།


བོད་པ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་ཕྱི་ལོ་༢༠༡༣་ལོའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་ཅིང་། ཕྱི་ལོ་༢༠༠༧་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལོ་ལྟར་འཛམ་གླིང་ཡུལ་གྲུ་གང་སའི་བུད་མེད་སྙིང་སྟོབས་ཅན་ཚོར་གཟེངས་རྟགས་སྤྲོད་རྒྱུ་འགོ་ཚུགས་ནས་བཟུང་། ད་བར་རྒྱལ་ཁབ་༣༦་གི་བུད་མེད་༤༦་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གཟེངས་རྟགས་འདི་ཐོབ་ཡོད་པ་དང་། ཕྱི་ཟླ་༣་ཚེས་༨་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་མཛད་སྒོ་གཟབ་རྒྱས་ཚོགས་ནས་ཕྱི་སྲིད་དྲུང་ཆེ་འཇཱོན་ཁེ་རིས་གཟེངས་རྟགས་སྤྲོད་རྒྱུ་དང་། ད་ལོའི་མཛད་སྒོ་དེར་སྲིད་འཛིན་ཨོ་བྷ་མའི་ལྕམ་མཱི་ཤཱེལ་ཨོ་བྷ་མ་དམིགས་བསལ་སྐུ་མགྲོན་ལ་གདན་འདྲེན་ཞུས་ཡོད་པ་རེད། ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། བོད་པ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་པ་དེ་ནི་ཁོང་གིས་བོད་མི་རིགས་ཀྱི་ཐོབ་ཐང་བརྩད་ནས་སྒེར་གྱི་བྱས་རྗེས་ལ་ངོས་འཛིན་ཐོབ་པ་མ་ཟད། ཨ་མི་རི་ཀའི་གཞུང་གིས་བོད་མི་དམངས་ལ་རང་གི་ཐོབ་ཐང་དང་ཆེ་མཐོང་རྩོད་ཆོག་པའི་ཐོབ་ཐང་ཞིག་ཡོད་པ་ངོས་འཛིན་བྱས་པའི་དན་རྟགས་ཀྱང་ཡིན་ཞེས་བཤད་པ་དང་། ཕྱི་ལོ་༢༠༡༣་འདིར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བུད་མེད་སྙིང་སྟོབས་ཅན་༡༠་ཐམ་པར་གཟེངས་རྟགས་སྤྲོད་ཀྱི་ཡོད་པ་དེ་རྣམས་ཨབ་གྷ་ཎི་སི་ཐན་གྱི་ཉེན་རྟོག་པའི་འགོ་ཁྲིད་མཱ་ལཱ་ལཱ་བྷ་ཧ་རྡུ་རི་དང་བོད་པ་རྩོམ་པ་པོ་ཚེ་རིང་འོད་ཟེར། ཨི་ཇེབ་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ས་མཱི་ར་ཨི་བི་ར་ཧིམ་དང་ཧུ་རྡུ་ར་སི་རྒྱལ་ཁབ་ཀྱི་སློབ་ཆེན་ཞིག་གི་དགེ་རྒན། ཎ་ཇི་རི་ཡའི་དམངས་གཙོ་ལས་འགུལ་ཁང་གི་གཙོ་འཛིན་ཨོ་རྡུ་མ་ཁིན་སོགས་ཡིན་ཞིང་། བུད་མེད་དེ་དག་ལ་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་དམ་དྲག་དང་སུན་གཙེར། འཇིགས་སྐུལ་རིང་ལུགས་པའི་རྒོལ་རྡུང་དང་རྡུང་རྡེག ཁོང་ཚོ་ལས་ཁུངས་ནས་ཕྱིར་ཕུད་དང་དབྱེ་འབྱེད། ཐ་ན་བུད་མེད་དེ་དག་ལ་ཚེ་སྲོག་གི་ཉེན་ཀ་ཡོད་ཀྱང་། ཁོང་ཚོས་རང་གི་མི་རིགས་ཀྱི་ཐོབ་ཐང་རྩོད་རྒྱུ་དང་སྤྱི་ཚོགས་ཡར་རྒྱས་གཏོང་བར་འཐབ་རྩོད་བྱེད་རྒྱུ་མཚམས་འཇོག་བྱས་མྱོང་མེད་པ་དང་། ཕྱི་ལོ་༢༠༠༧་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་ཡུལ་གྲུ་གང་སར་བུད་མེད་ཀྱི་ཐོབ་ཐང་རྩོད་པ་དང་བུད་མེད་ཀྱི་འགོ་ཁྲིད་བྱེད་པར་ཐུན་མོང་མ་ཡིན་པའི་སྙིང་སྟོབས་ལྡན་པ་དེ་དག་ལ་གཟེངས་རྟགས་སྤྲོད་རྒྱུ་འགོ་བཙུགས་ཏེ། ཕྱི་ལོ་༢༠༡༢་ལོའི་མཛད་སྒོའི་ཐོག་ཏུ་སྲིད་འཛིན་ཨོ་བྷ་མའི་ལྕམ་མཱི་ཤླེལ་ཨོ་བྷ་མས་གཏམ་བཤད་བྱས་པ་ལྟར་ན། བུད་མེད་དེ་་དག་གིས་འཇིག་རྟེན་འདི་ལེགས་ཚོགས་ལྡན་པ་ཞིག་ཡོང་བའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་དྲག་ཟིང་དང་དབུལ་ཕོངས། དབྱེ་འབྱེད་དང་མཐོང་ཆུང་། འདྲ་མཉམ་མེད་པ་བཅས་ལ་གདོང་ལེན་བྱས་ནས་འཐབ་རྒོལ་བྱས་ཡོད། བུད་མེད་དེ་དག་གིས་སོ་སོའི་ཚེ་སྲོག་ལ་མ་འཛེམས་པར་འབྲི་རྩོམ་བྱས་པ་དང་ལས་ཀྱི་སྣེ་མོར་ཞུགས་ནས་འཐབ་རྩོད་བྱེད་བཞིན་པ་མི་ཚང་མས་ཤེས་རྟོགས་ཐུབ་དགོས་ཀྱི་འདུག་ཅེས་བཤད་ཡོད། ཕྱི་ཟླ་༣་ཚེས་༥་ཉིན་རང་ལོ་༤༤་ལ་སོན་པའི་བོད་པ་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། དེང་སྐབས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་ཚོགས་བཞིན་ཡོད་པས། ང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ནས་འགུལ་སྐྱོད་ཀྱི་རང་དབང་མེད་རུང་། ང་ལ་ལོ་འདིའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་པར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་བྱུང་ཞིང་། ང་སྒེར་ལ་མཚོན་ན་གཟེངས་རྟགས་ཐོབ་པ་གཟི་བརྗིད་ཅིག་རེད། ཡིན་ནའང་ང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ངས་འབྲི་རྩོམ་གྱི་ལྟ་བ་རྩ་འཛིན་བྱེད་དགོས་པ་དང་། འབྲི་རྩོམ་གྱི་བྱ་བ་ནི་འགྲིམ་འགྲུལ་དང་གནས་སྐོར། མིག་མཐོང་བདེན་དཔང་བྱེད་པའི་ལས་དོན་ཞིག་རེད། ངའི་ལྟ་ཚུལ་ལ་འགྲིམ་འགྲུལ་དང་གནས་སྐོར། མིག་མཐོང་བདེན་དཔང་བྱས་ནས་མི་དང་མིའི་བར་ལ་འབྲེལ་བ་ཚུགས་ཏེ་ལས་དོན་བསྒྲུབ་ཐུབ་མོད། འོན་ཀྱང་ང་ལ་ཉེན་རྟོག་པས་རྗེས་འདེད་བྱེད་པ་དང་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་དུས་སྐབས་སུ་རང་ཁྱིམ་ལ་བཟང་བཙོན་དུ་འཇུག་པ། ང་ལ་འགྲིམ་འགྲུལ་བཀག་སྡོམ་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་ཀྱང་བོད་པ་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་བ་དེ་ལ་བསྡུར་ཚེ། ངའི་དཀའ་ངལ་འདི་གང་ཡང་མ་རེད། ཁོང་ཚོས་རང་ལུས་མེར་སྲེག་བཏང་ནས་གཉའ་གནོན་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པས། ངས་ནམ་ཡང་འབྲི་རྩོམ་བྱེད་རྒྱུ་མཚམས་འཇོག་བྱེད་མི་སྲིད་པ་དང་རྩ་དོན་བློས་གཏོང་མི་སྲིད། ངས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། ངས་གཟེངས་རྟགས་འདི་བོད་པ་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་བ་དེ་དག་དང་། ཁོང་ཚོའི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་བཅས་ལ་བསྔོ་རྒྱུ་ཡིན། ཧ་ཅང་བློ་ཕམ་པ་ཞིག་ལ་ང་ཨ་མི་རི་ཀར་དངོས་སུ་གཟེངས་རྟགས་ལེན་དུ་བཅར་མི་ཐུབ་ཀྱང་། ཨ་མི་རི་ཀའི་གཞུང་གིས་བོད་པ་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་བ་དེར་བློ་འཚབ་བྱེད་ཀྱི་ཡོད་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG