ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཡུ་རོབ་མཉམ་འབྲེལ་རྒྱབ་རྩར་བཀུག་ནས་རྒྱ་ནག་ལ་ཞིབ་འཇུག་བྱ་རྒྱུ།


སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རང་གི་མཐུན་གྲོགས་གཙོ་བོ་ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་ཚུལ་བཞིན་བྱས་ཡོད་མེད། ད་ལྟ་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་དགོསཔའི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཏོག་དབྱིབས་ནད་དུག་གི་འབྱུང་རྩ་གང་ལ་ཐུག་ཡོད་མེད་དང་འཛམ་གླིང་ཡོངས་སུ་རིམས་ནད་འདི་ཁྱབ་གདལ་ཕྱིན་པའི་ལན་ཁག་སུ་ལ་ཡོད་མེད་སོགས་ཀྱི་ཐོག་ཏུ་རྩོད་པ་ཆེ་རུ་འགྲོ་བཞིན་ཡོད་པས་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ག་དང་ཨ་མི་རི་ཀ་གཉིས་ཀྱི་སུ་ལ་བདེན་པ་ཡོད་མེད་དང་སུ་ལ་ནད་ཡམས་ཁྱབ་གདལ་གྱི་ལན་ཁག་ཡོད་མེད་སོགས་ཀྱི་ལངས་ཕྱོགས་གསལ་པོ་སྟོན་རྒྱུ་དེར་གཡོལ་ཐབས་བྱེད་ཀྱི་ཡོད་པ་རེད།།

ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༢༥༠༠༠༠་ལྷག་ལ་འཆི་སྐྱོན་དང་མི་༣༧༠༠༠༠༠་མ་ཟིན་ཙམ་ལ་ནད་དུག་འགོས་ནས་ནད་མནར་བྱུང་བ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཉམས་ཆག་ཆེན་པོ་བྱུང་སྟེ་ཨ་མི་རི་ཀ་གཅིག་པུར་མི་གྲངས་བྱེ་བ་གསུམ་ལྷག་ལས་མེད་དུ་གྱུར། དེར་བརྟེན་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་བསམ་བཞིན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རུ་བཅུག་སྟེ་སྔོན་འགོག་མ་བྱས་པ་ཡིན་མིན། ཏོག་དབྱིབས་ནད་དུག་གི་ཚབས་ཆེའི་རང་བཞིན་སྦ་གསང་མེད་པར་འཛམ་གླིང་རྒྱལ་ཁབ་ཁག་ལ་ཁྱབ་བསྒྲགས་བྱས་ཡོད་མེད་བཅས་ལ་ཞིབ་འཇུག་བྱ་དགོས་ཟེར་གྱི་ཡོད་པར་མ་ཟད། ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཚོས་ཕྱི་ཟླ་༤་པའི་ཟླ་དཀྱིལ་ནས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་ནན་པོ་ཞིག་བྱས་ཡོད་མེད་དེར་རང་བཙན་གྱི་ཚོགས་པ་ཞིག་གིས་ཞིབ་འཇུག་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་འགོ་ཚུགས། རྒྱལ་ཁབ་དེར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཁྲེང་ཅཱིང་ཡེས་ཨོ་གླིང་གཞུང་དང་ཨ་མི་རི་ཀ་ཁ་མཐུན་བྱས་ནས་རྒྱ་ནག་ལ་ཉེས་འཛུགས་བྱེད་ཀྱི་འདུག་ཅེས་དགག་པ་བརྒྱབ།།

ཐོག་མར་ཡུ་རོབ་མཉམ་འབྲེལ་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀར་ཕོག་ཐུག་མི་གཏོང་བའི་ཆེད་དུ༢༠༡༩་ལོའི་ཏོག་དབྱིབས་ནད་དུག་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིབ་འཇུག་བྱས་ནས་ཉམས་མྱོང་ཅི་ཞིག་ལེན་རྒྱུ་ཡོད་མེད་བལྟ་དགོས། མ་འོངས་པར་འཛམ་གླིང་མི་དམངས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་ན་གདོང་ལེན་བྱེད་ཕྱོགས་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་སོགས་ཀྱི་སློབ་སྦྱོང་བྱ་དགོས་ཞེས་བསམ་འཆར་བཏོན། ཟླ་མཇུག་འདིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ནས་ཡུ་རོབ་མཉམ་འབྲེལ་གྱིས་བཏོན་པའི་གྲོས་གཞི་འདི་ལག་ལེན་བསྟར་དགོས་མིན་ལ་གྲོས་སྡུར་བྱས་ནས་གྲོས་ཆོད་འཇོག་འཆར་ཡོད་འདུག ཡིན་ནའང་ཨ་རིའི་གཞུང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་དགོས་པ་དང་རྒྱ་ནག་གཞུང་གིས་རང་ཡུལ་ལ་རིམས་ནད་ཁྱབ་གདལ་ཕྱིན་མ་ཐག་ཏུ་སྔོན་འགོག་ནན་པོ་ཞིག་བྱས་ཡོད་མེད། རྒྱ་ནག་གཞུང་གིས་དུས་ཐོག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་མེད་པར་ཕྱིར་བསྒྲགས་བྱས་ཡོད་མེད་ལ་ཞིབ་འཇུག་དགོས་ཞེས་དགོས་འདུན་བཏོན་ཡོད་པའི་དོན་ཚན་ཁག་གྲོས་གཞི་དེར་འདུས་མེད་པ་རེད།།

ཡུ་རོབ་མཉམ་འབྲེལ་གྱི་གྲོས་གཞི་དེར་ཏོག་དབྱིབས་ནད་དུག་གི་ལན་ཁག་རྒྱལ་ཁབ་བྱེ་བྲག་པ་ཞིག་ལ་དཀྲི་དགོས་ཞེས་མི་གསལ། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གི་ལན་ཁག་དཀྲི་དགོས་པའི་ལས་འགུལ་ཤུགས་ཆེན་ཞིག་སྤེལ་གྱི་ཡོད་པས་ཡུ་རོབ་མཉམ་འབྲེལ་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱི་གཅིག་གི་ཕྱོགས་སུའང་མ་ལྷུང་བར་བཏང་སྙོམས་དང་བར་གནས་ཀྱི་ལངས་ཕྱོགས་ཤིག་འཛིན་ཐབས་བྱེད་ཀྱི་ཡོད་པ་སྟེ། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་གྱིས་ང་ཚོ་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་ལན་ཁག་གཡོགས་རེས་ཀྱི་འཁྲུག་རྩོད་དེར་མཉམ་ཞུགས་མ་བྱས་པར་ཟུར་དུ་བསྡད་ནས་རྩོད་གཞི་དེར་རང་བཙན་གྱི་ལྟ་སྟངས་ཤིག་བཟུང་ནས་བལྟ་དགོས་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བཤད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་དུག་བཀག་སྡོམ་གྱི་སྲིད་ཇུས་ཅི་ཞིག་ལག་ལེན་བསྟར་དགོས་མིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ལས་དོན་གང་འདྲ་ཞིག་བསྒྲུབ་དགོས་མིན་ལམ་སྟོན་བྱ་འཆར་ཡོད་པ་རེད།

ཁ་སང་གཟའ་མིག་དམར་ཉིན་ཡུ་རོབ་མཉམ་འབྲེལ་གྱི་མགྲིན་ཚབ་པ་ཞིག་གིས་ཏོག་དབྱིབས་ནད་དུག་གི་འགོས་ནད་འདིར་རྒྱུས་མངའ་ཆ་ཚང་ཞིག་ལོན་དགོས། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་དཀའ་ངལ་གྱི་འགག་རྩ་ངོས་ཟིན་ནས་ལས་དོན་ཐག་གཅོད་བྱ་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་གྲོས་གཞིའི་ཟིན་བྲིས་ནང་དུ་བཀོད་ཡོད་པའི་གནས་ཚུལ་ཐོན། ཡུ་རོབ་མཉམ་འབྲེལ་གྱིས་བཀོད་པའི་གྲོས་གཞིའི་ཚིག་འབྲུ་ཁག་ལ་རྒྱ་ནག་གིས་མོས་མཐུན་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་ཀྱང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡུ་རོབ་མཉམ་འབྲེལ་གྱི་གྲོས་གཞི་དེར་འཁོད་པའི་འབྲུ་དོན་ཁག་ལ་འགྱུར་བ་གཏོང་དགོསམ་འོངས་པར་ཚབས་ཆེའི་རིམས་ནད་འདི་ལྟ་བུ་ཞིག་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀས་དོགས་གཅོད་མང་པོ་ཞིག་ལ་ལན་འདེབས་བྱ་དགོས་ཀྱི་འདུག་ཅེས་བསྒྲགས། ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ། དབྱིན་ཇི་སོགས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པས་གསར་འགོད་རང་དབང་ལ་དམ་དྲག་དང་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱས་ནས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་་སྦ་གསང་བྱས་ནས་རྒྱལ་ཁབ་གཞན་ལ་ཉེན་བརྡ་བཏང་མི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་མ་ཟད། ཨ་རི་དང་ཁེ་ན་ཌཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། དབྱིན་ཇི་བཅས་རྒྱལ་ཁབ་ལྔ་མཉམ་འབྲེལ་གྱི་གསང་བའི་ལས་ཁང་གིས་ཀྱང་ཞིབ་འཇུག་སྙན་ཐོ་ཤོག་གྲངས་༡༥་ཅན་ཞིག་བཏོན་ནས་རྒྱ་ནག་གིས་རང་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་འདུག་ཅེས་མཐའ་སྡོམ་བརྒྱབ་ཡོད་པ་རེད།།

XS
SM
MD
LG