ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་རྒྱ་ནག་དང་ཧོང་ཀོང་གི་ལས་སྣེ་༡༤་ལ་ཉེས་ཆད་གཅོད་འཆར།


༄༅།། ཧོང་ཀོང་གི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་པ་རྣམས་པེ་ཅིང་གི་དབང་འཛིན་པ་ཚོས་བརྩི་མེད་བཏང་བར་ཨ་མི་རི་ཀས་ཉུང་མཐར་ཡང་རྒྱ་ནག་དང་ཧོང་ཀོང་གི་མཐོ་རིམ་ལས་སྣེ་༡༤་མས་ཡས་ཤིག་ལ་ཉེས་ཆད་གཅོད་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་གཞུང་གིས་ཉེས་ཆད་གཅོད་འཆར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དེ་དག་གི་གྲས་སུ་དམར་ཤོག་ཚོགས་པའི་ཚོགས་མི་ཁག་ཅིག་ཡོད་པ་སྟེ། ཧོང་ཀོང་གི་འོས་འདེམས་ལ་ཐེ་གཏོགས་བྱས་ཡོད་པའི་རྒྱ་ནག་གི་ལས་སྣེ་ཁག་ཅིག་འདུས་འདུག་ཅེས་མིང་འདོན་གསལ་པོར་བྱེད་འདོད་མེད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་གསུམ་གྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་བཤད་འདུག ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དེ་དག་གིས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་སྲིད་འཛིན་ཌོ་ནལ་ཊམ་འཕོ་འགྱུར་མ་སོང་བར་དུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་དང་ཉེས་ཆད་གཅོད་རྒྱུ། རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་རྣམས་རྒྱུན་འཁྱོངས་བྱ་འཆར་འདུག་ཅེས་བཤད་ཀྱང་གསར་འགོད་པ་ཚོས་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་སྣེ་ཚོར་ཐད་ཀར་སྐད་ཆ་དྲིས་ན་དེ་ལ་འཕྲལ་དུ་ལན་འདེབས་གསལ་པོ་ཞིག་བྱུང་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་བའི་ལན་ཁག་གཙོ་བོ་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྐྱེན་གྱིས་ཡིན། རྒྱ་ནག་གཞུང་གིས་རང་ཡུལ་དུ་ཚབས་ཆེའི་འགོས་ནད་ཅིག་ཁྱབ་ཀྱི་ཡོད་པ་ཡུན་རིང་ཕྱིར་བསྒྲགས་མ་བྱས་པར་འཛམ་གླིང་རྒྱལ་ཁབ་ཁག་ལ་སྦ་གསང་བྱས་པ་རེད་ཅེས་སྙིང་ནད་འཆང་སྟེ་རྒྱ་ནག་ལ་ཕྱོགས་གང་ཐད་དུ་ཉེས་ཆད་བཅད་ནས་ལན་པ་སློག་གི་ཡོད་པ་རེད།།

ཨ་མི་རི་ཀས་ཉེས་ཆད་གཅོད་འཆར་ཡོད་པའི་རྒྱ་ནག་གི་མཐོ་རིམ་ལས་སྣེ་དེ་དག་གི་གྲས་སུ་དམར་ཤོག་ཚོགས་པའི་ཚོགས་མི་དང་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སོགས་ཡོད་པར་མ་ཟད། ཁོ་ཚོས་མ་རྩ་བཙུགས་ནས་ཨ་མི་རི་ཀར་ཚོང་ལས་གཉེར་གྱི་ཡོད་ན་དངུལ་སྒོར་དང་རྒྱུ་དངོས། མཁར་དངོས་རྣམས་ཨ་རིའི་གཞུང་གིས་འགོག་ཉར་བྱེད་ཆོག་ཅེས་བཀོད་འདུག ཨ་མི་རི་ཀས་ཉེས་ཆད་གཅོད་ཡུལ་མཐོ་རིམ་ལས་སྣེ་དེ་དག་གི་གྲས་སུ་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་ས་གནས་གཞུང་གི་མཐོ་རིམ་ལས་སྣེ་གཉིས་ཀ་འདུག གཅིག་བྱས་ན་ཨ་མི་རི་ཀས་རྒྱ་ནག་གི་ལས་སྣེ་དེ་ཚོར་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ་རྒྱུ་གཟའ་འཁོར་འདིའི་གཞུག་བར་དུ་ཕར་འགྱངས་བྱ་སྲིད་ཅེས་བཤད། ཨོ་གླིང་གི་ཁྲོམ་རའི་ཐབས་ཇུས་ཉམས་ཞིབ་པ་ཁེ་ལི་རོ་དྷ་ཞེས་པ་ཞིག་གིས་སྲིད་འཛིན་ཊམ་འཕོ་འགྱུར་མ་སོང་སྔོན་དེར་རྒྱ་ནག་ལ་དགྲ་ལན་སློག་རྒྱུའི་འཆར་གཞི་གསལ་པོ་འདུག དེར་བརྟེན་ཨེ་ཤི་ཡའི་མ་རྐང་ཁྲོམ་ར་ཁག་ལ་འཇིགས་སྣང་བྱུང་སྟེ་མ་རྐང་ཁྲོམ་ར་རྣམས་མར་ཆག་གི་འདུག་ཅེས་བཤད། ཉམས་ཞིབ་པ་གཞན་ཁག་གིས་ཀྱང་ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་རྣམས་གསལ་པོ་ཞིག་མ་བྱུང་བར་དུ་ཨེ་ཤི་ཡའི་མ་རྐང་ཁྲོམ་ར་རྣམས་བརྟན་པོ་ཞིག་འབྱུང་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འབའ་ཞིག་ཡིན། དེ་ལ་རྒྱལ་ཁབ་གཞན་གྱིས་ཐེ་གཏོགས་བྱེད་དགོས་དོན་དང་ཐེ་གཏོགས་བྱེད་ཆོག་པའི་ཐོབ་ཐང་མེད། ཨ་མི་རི་ཀས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་ཉེས་ཆད་གཅོད་གྲབས་ཡོད་པའི་གསར་འགྱུར་ཞིག་ཐོན་ཡོད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཁ་རྡུང་དྲག་པོ་བཏང་འདུག

ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ། ༢༠༢༠།༡༡།༢༥
ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ། ༢༠༢༠།༡༡།༢༥

ད་ལོའི་ཕྱི་ཟླ་༨་པར་ཨ་མི་རི་ཀས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་དང་ཧོང་ཀོང་གི་ཉེན་རྟོག་པའི་འགོ་ཁྲིད་ཁག་བཅས་མངའ་ཁུལ་དེའི་མཐོ་རིམ་ལས་སྣེ་༡༡་ལ་ཉེས་ཆད་བཅད་ནས་ཧོང་ཀོང་གི་འགོ་ཁྲིད་དེ་ཚོས་མ་རྩ་བཙུགས་ནས་ཨ་མི་རི་ཀར་ཚོང་ལས་གཉེར་གྱི་ཡོད་ན་ཨ་རིའི་གཞུང་གིས་འགོག་དགོས། ཁོ་ཚོར་ཨ་མི་རི་ཀའི་ས་ཐོག་ཏུ་མཁར་དངོས་ཡོད་ཀྱང་ཨ་རིའི་གཞུང་གིས་འགོག་ཉར་བྱེད་ཆོག ཨ་མི་རི་ཀས་ཉེས་ཆད་བཅད་པའི་ཧོང་ཀོང་གི་འགོ་ཁྲིད་ཁག་དང་བཟའ་ཟླ་བུ་ཕྲུག་བཅས་པ་ཨ་མི་རི་ཀར་ཡོང་མི་ཆོག ཁོ་ཚོར་ཨ་རིའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གིས་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་མི་ཆོག་ཅེས་ཉེས་ཆད་བཅད། དེ་ནས་བཟུང་སྟེ་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་དངུལ་ཁང་གི་བྱང་བུ་དང་བུན་ཁཱ་སོགས་བཀོལ་སྤྱོད་བྱས་ནས་འགྲོ་གྲོན་གཏོང་བའམ། ཡང་ན་ཉོ་ཆ་སོགས་རྒྱག་མ་ཐུབ་པར་དངུལ་སྒོར་སྨར་པོ་འབའ་ཞིག་སྤྲད་ནས་འགྲོ་གྲོན་གཏོང་བ་དང་ཉོ་ཆ་རྒྱག་དགོས་ཐུག་འདུག ཁེ་རི་ལམ་གྱིས་ངས་རང་ཁྱིམ་དུ་དངུལ་སྒོར་སྨར་པོ་འདང་ངེས་ཞིག་ཉར་འཇོག་བྱེད་ཡོད་པས་འགྲོ་གྲོན་གཏོང་ཕྱོགས་དང་ཉོ་ཆ་རྒྱག་ཕྱོགས་ལ་བཅས་ལ་དཀའ་ངལ་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། འོན་ཀྱང་ཧོང་ཀོང་གི་དངུལ་ཁང་ཕལ་མོ་ཆེ་ཨ་མི་རི་ཀའི་དངུལ་ཁང་ཁག་དང་འཛམ་གླིང་གི་དངུལ་ཁང་ཁག་ལ་ཚོང་འབྲེལ་ཡོད་པས་ཁེ་རི་ལམ་གྱིས་བཅོལ་ཁྲ་ཡོད་པའི་དངུལ་ཁང་ཁག་གིས་ཨ་མི་རི་ཀ་དང་འཛམ་གླིང་གི་དངུལ་ཁང་ཁག་ལ་ཚོང་འབྲེལ་རྒྱུན་འཁྱོངས་བྱེད་དཀའ། དེས་ན་ཧོང་ཀོང་གི་དངུལ་ཁང་ཁག་གིས་ཁེ་རི་ལམ་གྱིས་དངུལ་སྒོར་སྨར་པོ་སྤྲོད་ལེན་བྱས་ནས་ཉོ་ཆ་རྒྱག་པ་དང་འགྲོ་གྲོན་ཐོངས། ཁོ་མོས་དངུལ་ཁང་གི་བྱང་བུ་དང་བུན་ཁཱ་བཀོལ་ནས་དྲྭ་ལམ་དུ་དངུལ་སྒོར་གཏོང་ལེན་དང་ཉོ་ཆ་རྒྱག་ཏུ་འཇུག་རྒྱུ་མིན་ཞེས་བཀག

ཨ་མི་རི་ཀས་གསར་དུ་རྒྱ་ནག་དང་ཧོང་ཀོང་གི་ལས་སྣེ་༡༤་ཡས་མས་ཤིག་ལ་ཉེས་ཆད་གཅོད་གྲབས་ཡོད་པ་དེ་དག་ལའང་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་ལྟར་ཉེས་ཆད་བཅད་ཚེ། རྒྱ་ནག་དང་ཧོང་ཀོང་གི་ལས་སྣེ་དེ་དག་དང་བཟའ་ཟླ་བུ་ཕྲུག་རྣམས་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་འགོག་སྲིད་པའི་ཉེན་ཁ་ཆེ། ཞིས་ཅིན་ཕིན་གཙོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་རང་གི་བུ་ཕྲུག་རྣམས་ཨ་མི་རི་ཀའི་སློབ་ཆེན་རྩེ་ཕུད་ཁག་ལ་སློབ་སྦྱོང་བྱེད་དུ་གཏོང་རྒྱུ། རྒྱ་ནག་གི་དཔོན་རིགས་ཁག་དང་བཟའ་ཟླ་རྣམས་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་བའི་ལམ་སྲོལ་ཞིག་དར། ད་ནས་ཨ་མི་རི་ཀའི་ཉེས་ཆད་བཅད་པའི་རྒྱ་ནག་དང་ཧོང་ཀོང་གི་ལས་སྣེ་དེ་ཚོས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་གྲོན་གཏོང་དགོས་ན་དངུལ་སྒོར་སྨར་པོ་མ་གཏོགས་དངུལ་ཁང་གི་བྱང་བུ་དང་བུན་ཁཱ་བརྒྱུད་ནས་འགྲོ་གྲོན་གཏོང་བ་དང་ཉོ་ཆ་རྒྱག་མི་ཐུབ་པ་ཞིག་འགྱུར་རྒྱུ་ཡིན་ཞིང་། ཟླ་བ་སྔོན་མར་ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༤་གནས་དབྱུང་བཏང་བས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོད་དོ་ཅོག་གིས་སྡེབ་ཏུ་རང་རང་གི་ལས་གནས་ནས་རྩ་དགོངས་ཞུས་ཏེ་ངོ་རྒོལ་བྱས་འདུག ད་ལོ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ་ནས་ལག་ལེན་བསྟར་ནས་བཟུང་། ཧོང་ཀོང་གཞུང་གིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་གནས་དབྱུང་དང་དམངས་གཙོ་དོན་གཉེར་བ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་ཆོག་གི་ཡོད་པ་རེད།།

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཨོ་བྷི་རེན།
ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཨོ་བྷི་རེན།

ཟླ་བ་སྔོན་མར་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཨོ་བྷི་རེན་གྱིས་ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་གནས་དབྱུང་གཏོང་གི་ཡོད་པ་ཚབས་ཆེན་ཞིག་ལ་འགྱུར་གྱི་འདུག རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་ནས་རྒྱ་ནག་སྐམ་ས་ཆེན་མོ་ལྟར་སྒྱུར་གྱི་ཡོད་པས་ཧོང་ཀོང་གི་རང་སྐྱོང་དང་དམིགས་བསལ་ས་ཁུལ་གྱི་གནས་བབ། ཧོང་ཀོང་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཟེར་བ་སོགས་ཕྱི་ཚུལ་གྱི་རྣམ་པ་ཙམ་རེད་ཅེས་བསྟན། ཨ་མི་རི་ཀ་དང་ཨོ་གླིང་། དབྱིན་ཇི་དང་ཁེ་ན་ཌ། ནེའུ་ཛི་ལན་ཌི་བཅས་རྒྱལ་ཁབ་ལྔ་མཉམ་འབྲེལ་གསང་བའི་ལས་ཁང་སྟེ། མིག་ལྔའི་གསང་བའི་ལས་ཁང་གིས་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་ལ་དམ་དྲག་བྱ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་སྙན་ཐོ་བཏོན། ཨ་རིའི་སྲིད་དོན་ཉམས་ཞིབ་པ་ཚོས་ཧོང་ཀོང་གི་གནད་དོན་ནི་ཇཱོ་བྷ་ཌན་གྱི་སྲིད་གཞུང་ལའང་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་རེད། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་ལས་ཀྱང་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པས་ཧོང་ཀོང་གི་གནད་དོན་དེས་རྒྱ་ནག་དང་ཨ་མི་རི་ཀར་སྔར་བཞིན་འགལ་ཟླ་སློང་རྒྱུ། ཧོང་ཀོང་གི་གི་གནད་དོན་ནི་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་ཐུབ་རྒྱུ་ཡིན་མིན་ཉམས་ཚོད་ཅིག་ཏུ་འགྱུར་རྒྱུ་རེད་ཅེས་གླེང་། འདི་ཙམ་ན་དེ་རིང་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་སློབ་ཕྲུག་གསུམ་འཛིན་བཟུང་བྱས་ཤིང་། སློབ་ཕྲུག་དེ་ཚོས་ཟླ་བ་སྔོན་མར་ཧོང་ཀོང་རང་བཙན་གྱི་འཕྲེད་དར་འཕྱར་ནས་ཁྲིམས་འགལ་གྱི་འབོད་ཚིག་བསྒྲགས་འདུག་ཅེས་ནག་ཉེས་བཙུགས། ད་དུང་སློབ་ཕྲུག་གཞན་པ་༥་ཁྲིམས་འགལ་གྱི་འདུ་འཛོམས་ལ་ཞུགས་འདུག་ཅེས་བཟུང། ཧོང་ཀོང་གི་སློབ་ཕྲུག་ཚོས་སྐབས་འགར་ང་ཚོའི་དུས་ཀྱི་གསར་བརྗེ། ཧོང་ཀོང་བཅིངས་འགྲོལ་གཏོང་དགོས་པ་དང་ཧོང་ཀོང་རང་བཙན་བྱ་དགོས་ཞེས་འབོད་ཚིག་སྒྲོགས་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སློབ་ཕྲུག་ཚོའི་ངོ་རྒོལ་ལས་འགུལ་རྣམས་ཁ་བྲལ་དང་འཇིགས་སྐུལ་རིང་ལུགས། ཁྲིམས་འགལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག རྒྱ་ནག་དགྲར་འཛིན་གྱི་ཕྱི་རྒྱལ་བའི་སྟོབས་ཤུགས་ཀྱིས་ངན་སྐུལ་བྱས་ནས་ཧོང་ཀོང་གི་སློབ་ཕྲུག་ཚོར་ངོ་རྒོལ་བྱེད་དུ་འཇུག་གི་འདུག་ཅེས་ཉེས་འཛུགས་བྱས་ཡོད་པ་རེད།།

XS
SM
MD
LG