ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཁ་ཆེ་རྒྱལ་ཁམས་པས་གཏོར་རྒོལ་བྱས་ནས་མི་༨༥་བསད་པ།


༄༅།། ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གནམ་ཐང་གི་ཕྱི་ལོགས་སུ་རང་སྲོག་བློས་བཏང་ནས་གཏོར་རྒོལ་བྱས་ཏེ་ཨ་མི་རི་ཀའི་དམག་མི་༡༣་དང་ཨབ་ཧན་གྱི་མི་༧༢་བཅས་ཁྱོན་བསྡོམས་མི་༨༥་བསད་ཅིང་། ཨབ་ཧན་༡༤༠་ལྷག་དང་ཨ་མི་རི་ཀའི་དམག་མི་༡༨་ལ་རྨས་སྐྱོན་ཕོག དེ་རིང་གཟའ་པ་སངས་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་ཁ་ཆེ་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོང་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག སྲིད་འཛིན་ཇཱོ་བྷ་ཌན་གྱིས་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏོང་རྒྱུ་ཡིན། ཨ་མི་རི་ཀས་ནམ་ཡང་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་ཐར་པ་གཏོང་རྒྱུ་མིན་ཞེས་བསྒྲགས། ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱེད་བཞིན་པའི་ཏ་ལི་བྷན་ཤོག་ཁག་དང་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་སྡང་དགྲར་གྱུར་ཏེ་འབྲེལ་བ་བཟང་པོ་མེད་པའི་གནས་ཚུལ་ཐོན། དེང་སྐབས་ཨབ་གྷ་ཎི་སི་ཐན་གྱི་ཀོ་ར་སན་ས་གནས་སུ་གཞིས་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་ཀ་བྷུལ་གནམ་ཐང་དུ་གཏོར་རྒོལ་བྱས་པ་ཡིན་ཞེས་ངོས་ལེན་བྱས་ཤིང་། ཁ་སང་གཟའ་ཕུར་བུའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་དམག་དཔོན་ཚོར་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡིབ་སྐུང་བྱེད་བཞིན་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་གཏོར་རྒོལ་གྱི་དམག་ཇུས་གཤོམ་དགོས་ཞེས་བཀའ་བཏང་འདུག

སྲིད་འཛིན་བྷ་ཌན་གྱིས་ཕྱི་ཟླ་༨་པའི་ཚེས་༢༦ ཉིན་ཀ་བྷུལ་འཇིགས་སྐུལ་དོན་རྐྱེན་ཐད་གཏམ་བཤད་གནང་བ།
སྲིད་འཛིན་བྷ་ཌན་གྱིས་ཕྱི་ཟླ་༨་པའི་ཚེས་༢༦ ཉིན་ཀ་བྷུལ་འཇིགས་སྐུལ་དོན་རྐྱེན་ཐད་གཏམ་བཤད་གནང་བ།

སྲིད་འཛིན་བྷ་ཌན་གྱིས་ཕྱི་ཟླ་༨་པའི་ཚེས་༣༡་གི་ཉིན་ཨ་མི་རི་ཀའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱེད་ཚར་དགོས་པའི་དུས་བཀག་ལ་འགྱུར་བ་མེད། འཇིགས་སྐུལ་རིང་ལུགས་པའི་གཏོང་རྒོལ་འབྱུང་སྲིད་པར་གཡོལ་ཐབས་སུ་ཨ་མི་རི་ཀའི་དམག་དཔུང་རྣམས་འཕྲལ་དུ་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱ་དགོས་ཞེས་བསྐྱར་དུ་བཟློས། གཟའ་ཕུར་བའི་སྔ་དྲོར་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོས་རྒྱལ་ས་ཀ་བྷུལ་གནམ་ཐང་ཕྱི་ལོགས་ཀྱི་འཛུལ་སྒོ་ཁག་གི་ཚང་ཀའི་དཀྱིལ་དུ་ལུས་ཡོད་པའི་ཨ་རིའི་སྤྱི་དམངས་རྣམས་མྱུར་དུ་གནམ་ཐང་གི་ནང་ལོགས་སུ་ཐར་ཐབས་བྱ་དགོས་ཞེས་བརྡ་བརྒྱབ། ཨ་རི་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱ་འཆར་ཡོད་པ་སྔོན་ནས་ཚོད་དཔག་ཐུབ་ཀྱང་མི་ཚོགས་ཁྲོད་དུ་ཨབ་ཧན་གྱི་མི་མང་དཀྱུས་མ་སུ་ཡིན་དང་འཇིགས་སྐུལ་རིང་ལུགས་པ་སུ་ཡིན། ཀ་བྷུལ་གནམ་ཐང་ཕྱི་ལོགས་ཀྱི་ས་གནས་གང་དུ་གཏོར་རྒོལ་འབྱུང་རྒྱུ་ཡིན་པ་རྣམས་ཤེས་རྟོགས་མ་ཐུབ། ཨབ་ཧན་གྱི་མི་མང་དཀྱུས་མ་སྟོང་ཕྲག་མང་པོ་གནམ་ཐང་གི་འཛུལ་སྒོ་ཁག་ཏུ་འདུས་ཏེ་ཉེན་བྱོལ་དུ་ཐར་ཐུབ་རྒྱུའི་རེ་ལྟོས་འཆང་། ཕྱི་ཚེས་༢༦་གི་གཏོར་རྒོལ་རྗེས་སུ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འདྲ་པར་དང་བརྙན་ཐུང་བཀྲམ་ཡོད་པ་དེ་དག་གི་ནང་དུ་མི་ཚོགས་དཀྱིལ་དུ་རང་སྲོག་བློས་གཏོང་བ་གཉིས་ཀྱིས་འབར་མདེལ་བརྒྱབ་ནས་གང་ས་གང་དུ་མིའི་ཕུང་པོ་དང་རྐང་ལག ཁྲག་དང་རྨས་མ། ས་ཧྲུག་རྡོ་ཧྲུག་གིས་ཁེངས་ཡོད་པར་མ་ཟད། ཨབ་ཧན་གྱི་རྨས་མ་རྣམས་ས་རྡོ་འདྲུད་སྤྱད་ཤིང་རྟའི་ནང་དུ་འཁྱེར་གྱི་ཡོད་པ་རྣམས་གསལ། ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་བྱ་ཡུལ་གཉིས་ནི་ཀ་བྷུལ་རྒྱལ་སྤྱིའི་གནམ་ཐང་གི་ཨེ་བྷི་འཛུལ་སྒོ་དང་གནམ་ཐང་གི་ཉེ་འཁྲིས་སུ་ཡོད་པའི་བྷེ་རོན་མགྲོན་ཁང་གི་སྒོ་འགྲམ་ཡིན་ཞིང་། ཨེ་བྷི་འཛུལ་སྒོར་ཨ་མི་རི་ཀའི་དམག་གིས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་བྷེ་རོན་མགྲོན་ཁང་དུ་དབྱིན་ཇིའི་དམག་དཔུང་རྣམས་འབབ་སྡོད་བྱས་ཡོད་པ་རེད།།

ཕྱི་ཟླ་༨་པའི་ཚེས་༡༤་ནས་ཁ་སང་བར་དུ་མི་༩༥༧༠༠་ཐམ་པ་ཨབ་གྷ་ཎི་སི་ཐན་ནས་ཉེན་བྱོལ་དུ་བླངས། ཕྱི་ཟླ་༧་པའི་ཟླ་མཇུག་ནས་ད་ལྟའི་བར་དུ་མི་༡༠༡༣༠༠་ལྷག་ཉེན་བྱོལ་དུ་བླངས་འདུག ཐ་ན་ཁ་སང་གི་གཏོར་རྒོལ་རྗེས་སུའང་ཀ་བྷུལ་གནམ་ཐང་ནས་ཨ་མི་རི་ཀའི་སྤྱི་དམངས་དང་ཨ་མི་རི་ཀའི་དམག་དཔུང་ལ་སྐད་སྒྱུར་སོགས་ཀྱི་མཉམ་རོགས་བྱེད་མཁན་ཨབ་ཧན་མི་མང་གི་བཟའ་ཟླ་བུ་ཕྲུག་རྣམས་ཨ་མི་རི་ཀར་ཉེན་བྱོལ་དུ་ལེན་རྒྱུའི་ལས་དོན་ཁག་མཚམས་མ་བཞག ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གི་བཀོད་འདོམས་པ་དམག་སྤྱི་མཱེ་ཁན་ཛིས་ང་ཚོར་གཏོར་རྒོལ་གྱི་ཉེན་ཁ་ཡོད་ཀྱང་ཉེན་བྱོལ་བ་སྐྱོབ་ལེན་གྱི་ལས་དོན་ཁག་རྒྱུན་འཁྱོངས་བྱ་དགོས། ང་ཚོའི་ལས་འགན་ནི་ཨ་རིའི་སྤྱི་དམངས་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྤྱི་དམངས། ཨ་མི་རི་ཀར་ཡོང་ཆོག་པའི་དམིགས་བསལ་ཐོངས་མཆན་སྤྲད་ཡོད་པའི་ཨབ་ཧན་རྣམས་ཉེན་བྱོལ་དུ་ལེན་དགོས། ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་མེ་ཤུགས་འཕུར་མདེལ་གྱིས་རྒྱང་ནས་གཏོར་རྒོལ་བྱེད་སྲིད་དང་ཉེ་འཁྲིས་སུ་རླངས་འཁོར་ནང་ནས་གཏོར་རྒོལ། མི་ཚོགས་དཀྱིལ་དུ་རང་སྲོག་བློས་གཏོང་བ་བཏང་ནས་གཏོར་རྒོལ་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་འདུག ཨ་མི་རི་ཀས་ཏ་ལི་བྷན་ཤོག་ཁག་ལ་གསང་བའི་གནས་ཚུལ་ཁག་ཅིག་མཁོ་སྤྲོད་བྱས་ནས་རྒྱལ་ས་ཀ་བྷུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དུ་བཅུག་པ་ཡིན་ཞེས་བཤད། ཁ་སང་གཟའ་ཕུར་བུ་ནས་བྷེལ་ཇམ་དང་ནེ་དྷར་ལན་ཌི། པོ་ལན་ཌི་སོགས་ཡུ་རོབ་རྒྱལ་ཁབ་འགའ་ཞིག་གིས་ཨབ་གྷ་ཎི་སི་ཐན་ནས་ཉེན་བྱོལ་བ་ལེན་པའི་ལས་དོན་བསྒྲུབ་རྒྱུ་མཇུག་སྒྲིལ། གཟའ་ལྷག་པའི་ཕྱི་དྲོར་ཌན་མག་གི་གནམ་གྲུ་མཐའ་མ་དེ་དང་གཟའ་ཕུར་བུའི་ཉིན་ནེའུ་ཛི་ལན་ཌིའི་གནམ་གྲུ་མཐའ་མ་དེ་ཨབ་གྷ་ཎི་སི་ཐན་ནས་འཕུར་སྐྱོད་བྱས་འདུག དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན་གྱིས་ཀླ་ཀློའི་གཏོར་རྒོལ་བྱུང་ཡང་དབྱིན་གཞུང་གིས་རྒྱལ་ས་ཀ་བྷུལ་ནས་ཉེན་བྱོལ་གྱི་ལས་དོན་བསྒྲུབ་རྒྱུ་མཚམས་འཇོག་རྒྱུ་མིན། འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱས་ནས་ཉེན་བྱོལ་ལས་དོན་ལ་འགོག་རྐྱེན་ཐེབས་མི་ཐུབ་ཅེས་ངར་སྐད་འཐེན། འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁལ་གྱིས་ཀྱང་ཨབ་གྷ་ཎི་སི་ཐན་ནས་ཉེན་བྱོལ་དུ་ཡོང་མ་ཐུབ་པ་རྣམས་བརྗེད་མི་སྲིད། ང་ཚོས་མི་ཁྲི་ཚོ་འགའ་ཞིག་ཉེན་བྱོལ་དུ་བླངས་ཟིན་པ་དང་ཉེན་བྱོལ་གྱི་དུས་ཚོད་ཀྱང་ཡོལ་གྲབས་འདུག ཡིན་ནའང་ད་དུང་སྔར་བཞིན་ཨབ་གྷ་ཎི་སི་ཐན་ནས་ཕྱི་ལ་མ་ཐར་པར་ལུས་ཡོད་པ་རྣམས་ཉེན་བྱོལ་དུ་ལེན་ངེས་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

སྔ་ལོ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་སྐུ་ཚབ་ཚོར་གྲོས་མོལ་བྱས་ཤིང་། ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་རྣམས་གནས་སྡོད་བྱེད་དུ་འཇུག་རྒྱུ་མིན། ༢༠༢༡་གི་ཕྱི་ཟླ་༥་པའི་ཚེས་༣༡་གི་ནང་ཚུད་དུ་ཨ་མི་རི་ཀའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱ་རྒྱུ། དེའི་བར་དུ་ཏ་ལི་བྷན་ཤོག་ཁག་གིས་ཨ་མི་རི་ཀའི་དམག་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ལ་གཏོར་རྒོལ་བྱ་རྒྱུ་མིན་པའི་གྲོས་མཐུན་བཞག ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་སྲིད་འཛིན་སྔོན་མ་ཌོ་ནལ་ཊམ་གྱི་སྲིད་ཇུས་མང་དག་ཅིག་བརྩི་མེད་བཏང་རུང་ཨབ་གྷ་ཎི་སི་ཐན་ནས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་རྩ་འཛིན་བྱ་རྒྱུ་ཡིན། ཕྱི་ཟླ་༥་པའི་ཚེས་༣༡་བར་དུ་ཨ་མི་རི་ཀའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱེད་ཚར་ས་མ་རེད། ཨ་རིའི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་པའི་དུས་ཡུན་དེ་ཕྱི་ཟླ་༨་པའི་ཚེས་༣༡་བར་དུ་ཕར་འགྱངས་བྱ་དགོས་ཞེས་བསྐྱར་དུ་གྲོས་མོལ་བྱས་ནས་ཏ་ལི་བྷན་ཤོག་ཁག་དེ་ལ་མོས་མཐུན་བྱུང་། སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ཨབ་གྷ་ཎི་སི་ཐན་ལ་དམག་བརྒྱབ་ནས་ལོ་༢༠་ཕྱིན་འདུག འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་རིང་དུ་ཨ་མི་རི་ཀས་ཨབ་གྷ་ཎི་སི་ཐན་གྱི་གཞུང་དམག་ལ་མཚོན་ཆ་མཁོ་སྤྲོད་དང་སྦྱོང་བརྡར། ཨབ་ཧན་གྱི་གཞུང་དམག་ལ་གླ་ཕོགས་སྤྲད་པ་ཡིན། གལ་སྲིད་ཨབ་གྷ་ཎི་སི་ཐན་གྱི་གཞུང་དམག་གིས་ཏ་ལི་བྷན་ཤོག་ཁག་ལ་འཐབ་རྒོལ་བྱས་ནས་དམངས་གཙོའི་ལམ་ལུགས་ཤིག་ཚུགས་ཡོད་པར་སྲུང་སྐྱོབ་བྱེད་མི་ཐུབ་ཚེ། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ནམ་ཡང་ཨབ་གྷ་ཎི་སི་ཐན་ལ་སྲུང་སྐྱོབ་བྱས་ནས་དུས་ཚོད་འཁྱོལ་ཐུབ་རྒྱུ་ཁག་པོ་རེད། སྲིད་འཛིན་བྷུ་ཤིའི་སྐབས་ནས་འགོ་ཚུགས་པའི་ཨབ་གྷ་ཎི་སི་ཐན་གྱི་དམག་འཁྲུག་གི་དཀའ་ངལ་ངས་སྲིད་འཛིན་ལྔ་པ་ཞིག་ལ་རྩིས་སྤྲོད་བྱེད་འདོད་མེད་ཅེས་ཨབ་གྷ་ཎི་སི་ཐན་ནས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་འདུག

XS
SM
MD
LG