ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཀིམ་ཇུང་ཨུན་གཤག་བཅོས་རྗེས་སུ་ཛ་དྲག་གི་གནས་སུ་ལྷུང་ཡོད་སྐད།


༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་གཤག་བཅོས་བྱས་པའི་རྗེས་སུ་ཛ་དྲག་གི་གནས་སུ་ལྷུང་ཡོད་པའི་གནས་ཚུལ་རིམ་པ་ཞིག་འཐོན་བཞིན་ཡོད་ཅིང་། ཨ་མི་རི་ཀའི་གཞུང་གི་འབྲེལ་ཡོད་མི་སྣ་འགའ་ཞིག་གིསང་ཚོས་ཀིམ་ཇུང་ཨུན་གྱི་གནས་སྟངས་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད་ཅེས་གསར་འགོད་པ་ཚོར་བཤད་འདུག ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༡༥་སྟེ། བྱང་ཀོ་རི་ཡའི་དམ་ཤོག་རྒྱལ་ཁབ་གསར་འཛུགས་པ་དང་ཀིམ་ཇུང་ཨུན་གྱི་མེས་པོ་ཀིམ་མིལ་སུང་གི་འཁྲུང་སྐར་དུས་ཆེན་ཉིན་ཀིམ་ཇུང་ཨུན་གཞུང་འབྲེལ་དགའ་སྟོན་དང་མཛད་སྒོ་ཁག་ལ་མཉམ་ཞུགས་བྱས་མེད་པས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀ ཉི་ཧོང་སོགས་ཀྱི་གསང་བའི་ལས་ཁང་ཁག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་རང་གི་མེས་པོའི་འཁྲུངས་སྐར་དུས་ཆེན་གྱི་དགའ་སྟོན་མཛད་སྒོ་ཁག་ལམཉམ་ཞུགས་མ་བྱས་པའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ། ཀིམ་ཇུང་ཨུན་ལུས་ཁམས་བདེ་ཐང་མེད་པ་ཡིན་ནམ་ཞེས་དོགས་སློང་བྱ་རྒྱུ་འགོ་ཚུགས། ཉམས་ཞིབ་པ་དང་འཕྲོད་བསྟེན་ལས་སྣེ་མང་ཆེ་བས་ཀིམ་ཇུང་ཨུན་ལུས་པོ་རྒྱགས་དྲགས་པ་དང་ཐ་མག་མང་པོ་འཐེན་གྱི་ཡོད་པ་ནི་སྙིང་རྩ་འགག་ནད་ཀྱི་རྒྱུ་རུ་འགྱུར་སྲིད་ཅེས་ཡོངས་གྲགས་སུ་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་ཚུགས་པའི་ྱང་ཀོ་རི་ཡའི་ཉིན་རེའི་གསར་འགྱུར་ཞེས་པའི་དྲྭ་ལམ་གསར་ཁང་དེས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་སྙིང་རྩ་འགགས་ནས་གཤག་བཅོས་བྱས་འདུག ཁོ་པརགཤག་བཅོས་བྱས་དོན་ནི་ལུས་པོ་རྒྱགས་དྲགས་པ་དང་ཐ་མག་འཐེན་དྲགས་པ། ལས་ཚེགས་ཆེ་དྲགས་པ་བཅས་ལ་ཐུག་འདུག ད་ལྟ་ཀིམ་ཇུང་ཨུན་བྱང་ཀོ་རི་ཡའི་ཧན་སན་རྫོང་གི་སྤྲོ་ཁང་ཞིག་ཏུ་འཁྱེར་ནས་སྨན་བཅོས་བྱེད་བཞིན་ངལ་གསོ་བརྒྱབ་ཡོད་པའི་སྒང་རེད། ཀིམ་ཇུང་ཨུན་ཛ་དྲག་གི་གནས་སུ་ལྷུང་བའི་ཉེན་ཁ་དེ་ནས་ཐར་པའི་རྗེས་སུ་སྨན་པ་མང་ཆེ་བ་ཕྱི་ཟླ་༤་པའི་ཚེས་༡༩་ཉིན་རྒྱལ་ས་ཕིང་དབྱང་ལ་ཕྱིར་ལོག་བྱས་འདུག་ཅེས་གནས་ཚུལ་སྤེལ་མོད། ཡིན་ནའང་ཨ་མི་རི་ཀའི་སི་ཨེན་ཨེན་སོགས་གསར་འགྱུར་ལས་ཁང་ཁག་གིས་རང་ཐད་དུ་ལྷོ་ཀོ་རི་ཡའི་དྲྭ་ལམ་གསར་ཁང་དེས་སྤེལ་བའི་གནས་ཚུལ་ལ་ངེས་གཏན་བྱེད་ཐུབ་ཀྱི་མེད་རེད། བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ནང་ལ་དམ་དྲག་དང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བྱང་ཀོ་རི་ཡར་ཡོང་དུ་འཇུག་གི་མེད་པ། བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཀིམ་ཇུང་ཨུན་བདེ་ཐང་ཡིན་མིན་ལ་གནས་ཚུལ་གང་ཡང་སྤེལ་དཀའ།།

ཁ་སང་གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་བདེ་ཐང་མེད་པའི་གསར་འགྱུར་ཐོན་པར་ང་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཡིན་ནའང་བྱང་ཀོ་རི་ཡའི་ཉིན་རེའི་གསར་འགྱུར་ཞེས་པའི་དྲྭ་ལམ་གསར་ཁང་དེས་སྤེལ་བའི་གནས་ཚུལ་ལ་ང་ཚོས་ཀྱང་རང་ཐད་དུ་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག ཀིམ་ཇུང་ཨུན་རྒྱགས་དྲགས་པ་དང་ཐ་མག་མང་པོ་འཐེན་གྱི་ཡོད་པ་ནི་འཛམ་གླིང་ཀུན་ལ་ཡོངས་གྲགས་ཤིག་རེད། ང་ཚོས་ཞིབ་ཕྲའི་གནས་ཚུལ་ལ་སྒུག་བསྡད་ཡོད་ཅེས་བཤད་པར་མ་ཟདལྷོ་ཀོ་རི་ཡའི་གྱོ་ཐོག་སྔོན་པོའི་སྲིད་འཛིན་ལས་ཁུངས་ཀྱིས་ཀྱང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ང་ཚོར་ཀིམ་ཇུང་ཨུན་བདེ་ཐང་ཡིན་མིན་སྐོར་ལ་གསལ་བཤད་བྱ་རྒྱུ་ཅི་ཡང་མེད། བྱང་ཀོ་རི་ཡའི་ཕྱོགས་སུ་སྔར་དང་མ་འདྲ་བའི་འགུལ་སྐྱོད་རྒྱག་གི་ཡོད་པ་མཐོང་ཐོས་གང་ཡང་བྱུང་མ་སོང་ཞེས་བསྒྲགས། ལྷོ་ཀོ་རི་ཡའི་གཅིག་གྱུར་དང་རྒྱལ་སྲུང་བློན་ཁང་གིས་ཀིམ་ཇུང་ཨུན་གྱི་སྙིང་རྩ་འགགས་ནས་གཤག་བཅོས་བྱས་པ་རེད་ཟེར་བའི་གནས་ཚུལ་དེར་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།།

ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་རོ་བྷར་ཊི་ཨོ་བྷི་རེན་གྱིས་ང་ཚོས་ཀིམ་ཇུང་ཨུན་གྱི་བདེ་ཐང་ལ་འབྲེལ་བ་ཡོད་པའི་གསར་འགྱུར་ཐོན་པ་དེ་ཚོར་དོ་སྣང་ཞིབ་ཚགས་བྱེད་བཞིན་ཡོད། ཁྱེད་ཚོས་ཤེས་གསལ་ལྟར་རེད། བྱང་ཀོ་རི་ཡ་ནི་ཕྱི་ལ་སྒོ་མོ་དམ་པོར་བརྒྱབ་ཡོད་པའི་རྒྱལ་ཁབ་ཅིག་རེད་ཅེས་བཤད། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དང་རྒྱལ་ཡོངས་གསང་བའི་ལས་ཁང་ཁག་གི་འགན་འཛིན། ཨ་རིའི་དབུས་གསང་བའི་ལས་ཁང་བཅས་ལ་ཀིམ་ཇུན་ཨུན་གྱི་བདེ་ཐང་ཡིན་མིན་སྐོར་འདྲི་རྩད་བྱས་ཀྱང་ལན་འདེབས་གཏན་ནས་བྱས་མེད་པ་རེད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡར་ཉམས་ཞིབ་བྱེད་མཁན་ཁག་དང་། ལྷག་པར་དུ་ཀིམ་ཇུང་ཨུན་གྱིས་འགོ་ཁྲིད་པའི་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་ལ་ཞིབ་འཇུག་བྱེད་མཁན་ཚོར་གློ་བུར་གྱི་གནས་ཚུལ་འདི་བདེན་པ་ཡིན་མིན་དང་དེ་ལ་ཤུགས་རྐྱེན་ཅི་ཞིག་འབྱུང་རྒྱུ་ཡིན་མིན་གྱི་སྐད་ཆ་འདྲི་བཞིན་འདུག་ཅེས་རྒྱུས་ཡོད་མི་སྣ་ཞིག་གིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་འདུག ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་ལ་འཛམ་གླིང་ཧྲིལ་པོའི་སྟེང་དུ་གནས་ཚུལ་མཁོ་སྒྲུབ་བྱ་ཡུལ་ཧ་ཅང་དཀའ་ངལ་ཆེ་ས་འགའ་ཞིག་ཡོད་པ་དེ་དག་གི་གྲས་སུ་བྱང་ཀོ་རི་ཡ་ཡོད་ཅིང་། བྱང་ཀོ་རི་ཡའི་གཞུང་གིས་རང་གི་ཆེས་མཐོའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་བདེ་ཐང་སྐོར་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཞིག་ལ་བརྩིས་ནས་མང་ཚོགས་ལ་ནམ་ཡང་ཤེས་རྟོགས་ཐུབ་ཏུ་འཇུག་གི་མེད་པ་རེདདུས་ནམ་ཞིག་ཀིམ་ཇུང་ཨུན་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་མཉམ་ཞུགས་བྱེད་མ་ཐུབ་ཚེ། ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་དང་གསང་བའི་ལས་ཁང་ཁག་གིས་ཀིམ་ཇུང་ཨུན་བདེ་ཐང་ཡིན་མིན་ལ་ཚོད་དཔག་སྣ་ཚོགས་ཤིག་བྱེད་པའི་ལམ་སྲོལ་ཞིག་དར་འདུག བྱང་ཀོ་རི་ཡར་གསར་འགོད་རང་དབང་མེད་པས་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་སྐབས་རེར་རྒྱལ་ཁབ་དེའི་འགོ་ཁྲིད་ཀྱི་བདེ་ཐང་སྐོར་གསར་འགྱུར་ཅི་ཡང་སྤེལ་གྱི་མེད་པས་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་བྱང་ཀོ་རི་ཡའི་གསར་འགྱུར་གྱི་ཚིག་དོན་རེ་ཟུང་དང་བརྙན་འཕྲིན་ཐུང་ངུ་རེར་བལྟས་ནས་ཚོད་དཔག་བྱ་དགོས་ཐུག་གི་ཡོད་པ་རེད།།


ཕྱི་ཟླ་༤་པའི་ཚེས་༡༡་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་རྒྱལ་ཁབ་དེའི་བརྙན་འཕྲིན་ནང་དུ་ཐོན་ཞིང་། ཕྱི་ཟླ་༤་པའི་ཙེས་༡༥་ནི་ཀིམ་གྱི་མེས་པོ་ཀིམ་མིལ་སུང་གི་འཁྲུངས་སྐར་དུས་ཆེན་ཡིན་རུང་ཀིམ་ཇུང་ཨུན་བྱང་ཀོ་རི་ཡའི་བརྙན་འཕྲིན་ནང་དུ་མཐོང་རིག་མེད་པར་གྱུར། བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་ཁག་གིས་ཀིམ་ཇུང་ཨུན་གཞུང་འབྲེལ་གྱི་དགའ་སྟོན་མཛད་སྒོ་ཁག་ལ་མཉམ་ཞུགས་མ་བྱས་དོན་ཅི་ཞིག་ཡིན་མིན་འགྲེལ་བཤད་བརྒྱབ་མེད་པ་དང་། ཉམས་ཞིབ་པ་ཚོས་ཀིམ་ཇུང་ཨུན་རང་གི་མེས་པོའི་འཁྲུངས་སྐར་དུས་ཆེན་གྱི་དགའ་སྟོན་དང་མཛད་སྒོ་ཁག་ལ་མཉམ་ཞུགས་མ་བྱས་དོན་ཅི་ཞིག་ཡིན་མིན་ཚོད་དཔག་མ་ཐུབ། སྐབས་འགར་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རིམ་པ་རྒྱལ་ཁབ་ཀྱི་མཛད་སྒོ་གལ་ཆེན་ཁག་ལ་མཉམ་ཞུགས་མ་བྱས་ན་དེའི་རྗེས་སུ་འགྱུར་ལྡོག་ཆེན་པོ་རེ་འགྲོ་བའམཡང་ན་སྐབས་འགར་འགྱུར་ལྡོག་གི་མཚོན་དོན་ཅི་ཡང་མེད་པ་གཉིས་ཀ་འབྱུང་། ཉེ་དུས་ཤིག་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐ་མག་མང་པོ་འཐེན་ནས་སྙིང་རྩ་འགག་གི་ཡོད་པ་དང་ཀླད་ནད་བྱུང་ཡོད་པ་རེད་ཅེས་དཀྲོག་གཏམ་མང་པོ་ཞིག་སྒྲོགས་འགོ་ཚུགས། གལ་སྲིད་ཀིམ་ཇུང་ཨུན་ངོ་མར་སྨན་ཁང་དུ་ལུས་ཡོད་པ་ཡིན་ན་ཕྱི་ཟླ་༤་པའི་ཚེས་༡༥་ཉིན་རང་གི་མེས་པོའི་འཁྲུངས་སྐར་དུས་ཆེན་གྱི་དགའ་སྟོན་ཁག་ལ་མཉམ་ཞུགས་བྱེད་མ་ཐུབ་པ་དེས་ར་འཕྲོད་པ་རེད། ཡིན་ནའང་འདས་པའི་ལོ་མང་རིང་ཀིམ་ཇུང་ཨུན་དང་ཁོ་པའི་ཨ་ཕ་ཀིམ་ཇུང་ཨིལ་གཉིས་ཀྱི་སྐོར་ལ་གནས་ཚུལ་རྫུན་མ་དང་ལོག་པ་མང་པོ་ཞིག་ཐོན་སོང་། དེས་ན་ང་ཚོས་སྒུག་སྟེ་བལྟས་ན་ལེགས་ཞེས་ཨ་རིའི་དབུས་གསང་བའི་ལས་ཁང་གི་བྱང་ཀོ་རི་ཡའི་སྡེ་ཚན་གྱི་འགན་འཛིན་ཟུར་པ་དང་ཨ་རིའི་ཤུལ་བཞག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཁེ་ལིང་གིས་བཤད་འདུག

༢༠༠༨་ལོར་ཀིམ་ཇུང་ཨིལ་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་བཙུགས་ནས་ལོ་༦༠་འཁོར་བའི་དགའ་སྟོན་ལ་མཉམ་ཞུགས་བྱེད་ཐུབ་མེད། ཉམས་ཞིབ་པ་ཚོས་ཀིམ་ཇུང་ཨིལ་བདེ་ཐང་མེད་པ་འདྲ་ཞེས་བཤད་ཀྱང་ཁོ་པར་དོན་དངོས་སུ་གྲིབ་སྐྱོན་ཕོག་པ་ཕྱིས་སུ་གསལ་པོ་བྱུང་ཞིང་། ༢༠༡༡་ལོར་ཀིམ་ཇུང་ཨིལ་འདས་གྲོས་སུ་གྱུར། ༢༠༡༤་ལོར་ད་ལྟའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཟླ་བ་གཅིག་གི་རིང་ལ་མང་ཚོགས་ཀྱི་མིག་ལམ་དུ་མཐོང་ཐོས་མེད་པར་གྱུར་པས་ཉམས་ཞིབ་པ་ཚོས་སླར་ཡང་ཀིམ་ཇུང་ཨུན་བདེ་ཐང་ཡིན་མིན་ལ་དོགས་གཅོད་སྣ་ཚོགས་ཤིག་བྱས་ཤིང་། དེའི་རྗེས་སུ་ཀིམ་ཇུང་ཨུན་གྱིས་འཁར་རྒྱུག་ཅིག་བཙུགས་ནས་མང་ཚོགས་ཀྱི་མདུན་དུ་ཐོན། ཁོ་པ་ཟླ་བ་གཅིག་ལ་མཐོང་ཐོས་མེདཔར་གྱུར་པ་ནི་སྲེ་ལོང་ཐོག་ཏུ་གཉན་འབུར་ཞིག་བུད་པ་གཤགས་ནས་བླངས་པ་ར་འཕྲོད། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་ཚུགས་པའི་ཡོན་སེ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཇཱོན་ཌེ་ལུ་རི་ཞེས་པ་ཞིག་གིས་ཀིམ་ཇུང་ཨུན་ལ་ངོ་མར་ཅི་ཞིག་བྱུང་ཡོད་མེད་ང་ཚོས་ཁ་ཚོན་གཅོད་མི་ཐུབ་ཅེས་བཤད། ཡིན་ནའང་ཀིམ་ཇུང་ཨུན་གྱི་བདེ་ཐང་ནི་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བར་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ཚོ་ཕྱོགས་གཉིས་ཀའི་འབྲེལ་བ་ཧ་ཅང་བཟང་པོ་ཡོད། ཡིན་ནའང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པར་ལྷོ་ཀོ་རི་ཡས་དོ་སྣང་མང་ཙམ་བྱ་དགོས། ང་ཚོ་ཕྱོགས་གཉིས་ཀས་གྲོས་མོལ་གྱི་གོ་སྐབས་མང་པོ་ཞིག་ཤོར་སོང་། ད་ལྟ་ཏོག་དབྱིབས་ནད་དུག་གིས་མི་རྣམས་མཉམ་དུ་འཛོམས་ནས་གྲོས་མོལ་བྱ་རྒྱུ་ཁག་པོ་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG