ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ཨ་རིའི་དམག་དོན་མི་སྣས་རྒྱ་ནག་ལ་ཉེན་བརྡ་བཏང་།


་རྒྱ་ནག་མཚོ་ཁུལ་སྲུང་སྐྱོབ་ཀྱི་གྲུ་གཟིངས་
་རྒྱ་ནག་མཚོ་ཁུལ་སྲུང་སྐྱོབ་ཀྱི་གྲུ་གཟིངས་

ཨ་རི་དང་རྒྱ་ནག་དབར་ལ་ཚོང་འབྲེལ་དང་ཐའེ་ཝན་གྱི་གནས་བབ།ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་གནས་སྟངས་སོགས་ཀྱི་ཐད་མ་མཐུན་པའི་འགལ་ཟླ་ཤུགས་ཆེར་ཡོད་པ་མ་ཟད། དེ་དག་སེལ་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་རེད། འོན་ཀྱང་ཡུལ་གྲུ་གཉིས་ཀྱིས་འགལ་ཟླ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་འབད་བརྩོན་བྱེད་བཞིན་པ་ལྟར་རེས་གཟའ་མིག་དམར་ཉིན་མོ་མཐོ་རིམ་དམག་དོན་མི་སྣ་ཚོས་དྲ་ཐོག་གྲོས་མོལ་གནང་འདུག་ཅིང་། ༢༠༢༢ལོར་སྐབས་དེའི་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སཱིས་ཐའེ་ཝན་ལ་གཞུང་འབྲེལ་མཚམས་གཟིགས་གནང་བ་དང་། ཡང་༢༠༢༣ལོར་རྒྱ་ནག་གི་སོ་ཉུལ་གྱི་སྒང་ཕུག་ཞིག་ཨ་རིའི་མཁའ་དབྱིངས་སུ་འཕུར་གཏོང་བྱེད་སྐབས་ཨ་རིའི་དམག་གི་གནམ་གྲུས་གཏོར་རྒོལ་བཏང་བ་སོགས་རྩོད་གཞི་ཆེན་པོ་བྱུང་རྗེས་ཡུལ་གྲུ་གཉིས་དབར་དམག་དོན་མི་སྣའི་གྲོས་མོལ་ཁག་མཚམས་ཆད་པ་དང་། ད་ལམ་གྱི་གྲོས་མོལ་དེ་ནི་གནས་ཚུལ་དེ་དག་བྱུང་རྗེས་ཐེངས་དང་པོར་གྲོས་མོལ་གནང་བ་ཞིག་ཡིན་པ་རེད།

རེས་གཟའ་མིག་དམར་ཉིན་གྱི་གྲོས་མོལ་དེ་ནི་གཙོ་བོ་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐའེ་ཝན་སོགས་ཚུད་པའི་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་སཱེམ་ པ་པ་རོ་དང་རྒྱ་ནག་གི་ལྷོ་ཕྱོགས་དམག་ཁུལ་ཁང་གི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཝུ་ཡཱ་ནན་གཉིས་དབར་དྲ་ཐོག་ནས་གནང་བ་ཞིག་ཡིན་པ་དང་། གྲོས་མོལ་དེའི་ཐོག་ཨ་རིའི་དམག་སྤྱི་ཆེན་མོ་པ་པ་རོས་དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་དེ་ཁུལ་གྱི་ས་ཁུལ་ཁག་ནང་གཞན་ལ་སྡིག་སྐུལ་དང་བཙན་ཤེད་ཅན་གྱི་བྱ་སྤྱོད་རིམ་པ་ཞིག་སྤེལ་བཞིན་ཡོད་པ་དེ་དག་མཚམས་འཇོག་བྱེད་དགོས་ཅེས་ཉེན་བརྡ་བཏང་འདུག

དམག་སྤྱི་ཆེན་མོ་པ་པ་རོ་ནས་ཉེན་བརྡ་དེ་དག་རྒྱ་ནག་གི་དམག་སྤྱི་ཆེན་མོ་ཝུ་ཡཱ་ནན་དང་གྲོས་མོལ་སྐབས་སུ་བཏང་བ་དེའི་རྒྱུ་མཚན་གཙོ་བོ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ལ་ཧྤི་ལི་ཕིན་ས་ཡུལ་གྲུའི་མཚོ་དམག་གྲུ་གཟེངས་ལ་དོན་མེད་རྡུང་ཁ་བརྒྱབས་པ་སོགས་བྱ་སྤྱོད་སྤེལ་མཁན་ནི་རྒྱ་ནག་གི་ལྷོ་དམག་ཁུལ་ཁང་གི་ཁོངས་གཏོགས་མཚོ་དམག་གྲུ་གཟིང་ཁག་ཡིན་པ་རེད། ཡང་དམག་སྤྱི་ཆེན་མོ་པ་པ་རོས་རྒྱ་ནག་ལ་ཉེན་བརྡ་བཏང་བ་དང་དུས་མཚུངས་ཡུལ་གྲུ་གཉིས་ཀྱིས་ད་རེས་ཀྱི་གྲོས་མོལ་ལྟ་བུ་བརྒྱུད་རྩོད་གཞི་རྣམས་སེལ་རྒྱུར་དམིགས་ནས་ཕན་ཚུན་གོ་བསྡུར་དང་གནས་ཚུལ་ཁ་གསལ་བཟོ་དགོས་རྒྱུ་གལ་ཆེ་ཡིན་པ་བསྐྱར་བརྗོད་གནང་ཡོད་པའི་སྐོར་ཨ་རིའི་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་ཁུལ་གྱི་དམག་དོན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་འདུག

ཡང་རྒྱ་ནག་གཞུང་ནས་ཐེངས་འདིའི་ཨ་རི་དང་རྒྱ་ནག་གི་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་ཁུལ་གྱི་འགན་ཁུར་མཐོ་རིམ་དམག་སྤྱི་ཆེན་མོ་གཉིས་དབར་གྱི་གྲོས་

མོལ་དེའི་ཐོག་ཕན་ཚུན་གཉིས་ཀས་དོ་སྣང་བྱེད་བཞིན་པའི་གནད་དོན་ཐད་ལ་བསམ་ཚུལ་བརྗེ་རེས་བྱུང་ཡོད་ཅེས་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་དྲ་རྒྱའི་

ཐོག་ལ་གནས་ཚུལ་སྤེལ་འདུག ཨེ་ཨེཕ་པི་དང་རུའི་ཌར་གསར་སྤེལ་ཁང་ནས་བཏུས།

གསར་འགོད་པ། པ་སངས་དབྱངས་སྐྱིད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG