ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་མེ་རི་ཀས་ཨི་སི་རེལ་ལ་དམག་དོན་གྱི་རྒྱབ་སྐྱོར་ཅི་ཞིག་བྱས་ཡོད་དམ།


ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཨི་སི་རེལ་གྱི་སྲིད་བློན་བྷན་ཇ་མེན་ནེ་ཐ་ཡ་ཧུ།
ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཨི་སི་རེལ་གྱི་སྲིད་བློན་བྷན་ཇ་མེན་ནེ་ཐ་ཡ་ཧུ།

༄༅། །འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་། ཨི་སི་རེལ་ལ་ད་ཕན་ཐོབ་པའི་ཨ་རིའི་རོགས་སྐྱོར་ནི། རྒྱལ་ཁབ་གཞན་ཁག་ལས་མང་ཤོས་ཡིན་པ་དང་། ཨ་རིའི་རྒྱབ་སྐྱོར་འོག་ཨི་སི་རེལ་གྱིས་ཧ་མ་སི་དྲག་སྤྱོད་པར་རྒོལ་རྡུང་གཏོང་བའི་གནས་ཚུལ་མདོར་བསྡུས་ཤིག་གཤམ་གསལ།

ཁྲིམས་ཐོག་ནས་རོགས་སྐྱོར་བཀའ་འཁྲོལ་གང་དག་ཡོད་དམ།

སྤྱི་ལོ་༢༠༡༦ ལོར། ཨ་རི་དང་ཨི་སི་རེལ་གཞུང་དབར་དུས་ཆད་ལོ་ངོ་༡༠ ཡིན་པའི་ཐུགས་དགོངས་དྭངས་གསལ་རེག་ཟིག་ཐེངས་གསུམ་པར་མཚན་རྟགས་བསྐྱོན་ཡོད་པ་རེད། དེའི་དུས་ཡུན་ནི་སྤྱི་ལོ་༢༠༡༨ ལོའི་ཟླ་བ་༡༠ པའི་ཚེས་༡ ནས་སྤྱི་ལོ་༢༠༢༨ ལོའི་ཟླ་བ་༩ པའི་ཚེས་༣༠ ཉིན་གྱི་བར་ཡིན་ཞིང་། རེག་ཟིག་དེའི་ཚིག་ཐོ་གཞིར་བཟུང་ལོ་ངོ་༡༠ ཐམ་པ་དེའི་ནང་ཁྱོན་ཨ་སྒོར་དུང་ཕྱུར་༣༨༠ ཐམ་པའི་དམག་དོན་གྱི་རོགས་སྐྱོར་མཁོ་འདོན་གནང་ཟིན་པའི་ཁོངས་ལས། ཨ་སྒོར་དུང་ཕྱུར་༣༣༠ ཐམ་པ་དམག་དོན་མཁོ་ཆས་སྒྲུབ་འདོན་གྱི་རིན་པར་བཏང་ཡོད་པ་དང་། ལྷག་མ་ཨ་སྒོར་དུང་ཕྱུར་༥༠ ཐམ་པ་དེ་འཕུར་མདེའ་འགོག་སྲུང་མ་ལག་མཁོ་སྒྲུབ་ཀྱི་ཆེད་དུ་བེད་སྤྱོད་བཏང་ཡོད་པ་རེད།

ཨི་སི་རེལ་ལ་སྔོན་ཐོན་གྱི་གོ་མཚོན་མ་ལག་གང་དག་ཡོད་དམ།

ཨི་སི་རེལ་ནི་རྒྱལ་སྤྱིའི་ཐོག་F-35 རྟགས་ཅན་གྱི་མཉམ་འབྲེལ་རྒོལ་རྡུང་འཐབ་འཛིང་གནམ་གྲུའི་ཚོང་ལས་གཉེར་མཁན་ཨང་དང་ཤོས་ཡིན་པ་དང་། འཐབ་འཛིང་གནམ་གྲུ་དེ་ནི་ད་ཕན་གྱི་ལོ་རྒྱུས་ནང་ལག་རྩལ་གྱི་གནས་ཚད་མཐོ་ཤོས་ཀྱི་འཐབ་འཛིང་གནམ་གྲུ་ཞིག་ཡིན་པ་རེད། ཨི་སི་རེལ་གྱིས་ད་ཆ་ F-35 རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༧༥ ཉོ་སྒྲུབ་བྱེད་བཞིན་པའི་སྒང་ཡིན་པར་མ་ཟད། ན་ནིང་ལོ་ཕན་ཆད་གནམ་གྲུ་༣༦ འབྱོར་ཟིན་ཞིང་། དེའི་རིན་པ་ནི་ཨ་རིས་རོགས་སྐྱོར་འོག་ནས་སྤྲད་པ་རེད། ཨ་རིས་ད་དུང་ཨི་སི་རེལ་ལ་འཕུར་ཐག་ཐུང་བའི་མེ་ཤུགས་འཕུར་མདའི་མ་ལག་གསར་བཟོ་དང་ཡར་རྒྱས་གཏོང་རོགས་ཀྱང་བྱེད་བཞིན་པ་དང་། དེ་ལས་གཞན་ཌེ་ཝེ་སྒྱོགས་རྡོ་ཞེས་སུ་འབོད་པའི་མ་ལག་ཅིག་ཀྱང་འདོན་སྤེལ་བྱེད་བཞིན་པར། མ་ལག་དེས་སྤྱི་ལེ་༡༠༠ ནས་༢༠༠ ཡི་མཚམས་ཀྱི་མེ་ཤུགས་འཕུར་མདའ་ས་ལ་གཡུག་ཐུབ་པའི་ནུས་པ་ཡོད་པ་རེད།

ཨི་སི་རེལ་གྱིས་ཧ་མ་སིར་གཏོར་རྒོལ་གཏོང་བར་རོཊ་སྐྱོར་དེ་བས་མང་བ་རག་སྲིད་དམ།

ན་ནིང་ལོར། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་གིས་གྲོས་ཚོགས་ལ་ཨ་སྒོར་དུང་ཕྱུར་༩༥༠ ཐམ་པའི་རོགས་དངུལ་མཁོ་འདོན་གྱི་ཁྲིམས་འཆར་བཏོན་པའི་ཁོངས་ལས། ཨི་སི་རེལ་ལ་ཨ་སྒོར་དུང་ཕྱུར་༡༤༠ ཐམ་པ་དང་། ཡུག་ཀེ་རན་ལ་ཨ་སྒོར་དུང་ཕྱུར་༦༠༠ ཐམ་པ། ཐེ་ཝན་ལ་མི་ཆོས་དགེ་རྩའི་རོགས་དངུལ་ཨ་སྒོར་དུང་ཕྱུར་བཅུ་གྲངས་ཤིག་གནང་རྒྱུ་ཡང་དེའི་ཁོངས་སུ་འདུས་ཀྱི་ཡོད་པ་རེད།

ཨ་རིའི་གཞུང་འཛིན་གྱིས་ཨི་སི་རེལ་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་བཞིན་ཡོད་དམ།

ཨ་རིའི་དུས་ཡུན་རིང་པོ་ནས་བཟུང་རྟག་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོད་དོན་ཁྲ་སློག་གི་དབང་ཆ་བརྒྱུད་ནས། ཨི་སི་རེལ་ལ་སྐྱོན་བརྗོད་བྱེད་པའི་གྲོས་ཆོད་ལ་དགག་བྱ་བྱེད་ཀྱི་ཡོད་ཅིང་། དུས་ཡུན་ཟླ་བ་དྲུག་རིང་གི་གྷ་ཛའི་དམག་འཁྲུག་ཁྲོད་འཕྲལ་དུ་མེ་འཕེན་མཚམས་དགོས་པའི་འབོད་སྐུལ་ཐེ་བའི་བྱེད་ཐབས་ལ་ཁྲ་སློག་བྱས་ཡོད་པ་རེད། ཟླ་བ་གོང་མའི་ཟླ་མཇུག་ཏུ་ཨ་རིའི་གཞུང་འཛིན་གྱིས་ཨི་སི་རེལ་སྲུང་སྐྱོབ་བྱེད་པའི་རྒྱུན་སྲོལ་རྒྱབ་ཏུ་བསྐྱུར་ཏེ། མེ་འཕེན་མཚམས་འཇོག་གི་གྲོས་ཆོད་ཅིག་ལ་འོས་ཤོག་བླུག་པའི་ཐོབ་ཐང་བེད་སྤྱོད་མ་བཏང་བར་གནས་སུ་བསྡད་ཅིང་། ངོ་རྒོལ་གྱི་འོས་ཤོག་འཕངས་མེད་ཀྱང་། མེ་འཕེན་མཚམས་འཇོག་གི་གྲོས་ཆོད་དེར་སྟངས་འཛིན་གྱི་ནུས་པ་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནར་ཊམ་གྱིས་ཨ་རི་དེ་བཞིན་འཛམ་གླིང་གི་གཞི་རྩའི་འགྲོ་བ་མིའི་སྒྲིག་འཛུགས་ཆེ་ཤོས་མཉམ་འབྲེལ་རྒྱལ་ཚོགས་གཞི་རྩའི་འགྲོ་བ་མིའི་ལས་འཛིན་ལྷན་ཚོགས་ཁོངས་ནས་ཕྱིར་འཐེན་གྱིས་ཨི་སི་རེལ་གྱིས་པ་ལི་སི་ཐན་མིའི་ཐོག་འཛིན་བྱེད་བབས་ལ་ངོ་རྒོལ་གྱི་རྣམ་འགྱུར་ཡོད་པ་རེད། དེ་དང་ཆབས་ཅིག་སྲིད་འཛིན་ཟུར་པ་ཊམ་གྱིས་སྣེ་ཁྲིད་འོག་མཉམ་འབྲེལ་རྒྱལ་ཚོགས་ཤེས་རིག་སློབ་གསོའི་ཁོངས་དང་། ཚན་རིག་དང་རིག་གནས་ཀྱི་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱས་པ་དེའང་། ཁོང་གི་གཞུང་འཛིན་གྱིས་ཨི་སི་རེལ་ལ་ཕྱོགས་ལྷུང་གི་ལྟ་སྟངས་ཤིག་ཡོད་པའི་རྐྱེན་གྱིས་ཡིན་པ་རེད། སྤྱི་ལོ་༢༠༡༧ ལོར། སྲིད་འཛིན་ཟུར་པ་ཊམ་གྱིས་ཨ་རིའི་ལོ་ངོ་བཅུ་གྲངས་རིང་གི་སྲིད་ཇུས་ལ་འགྱུར་བ་བཏང་ནས་ཇི་རུ་ས་ལུམ་དེ་ཨི་སི་རེལ་གྱི་རྒྱལ་སར་ངོས་ལེན་གནང་ཡོད་པ་རེད།

དབྱིན་ཇིའི་གྷ་དྷི་ཨན་Guardian གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ན་སེ་ཕི་ལོག་སི་ལགས་ཀྱིས་ཨ་རིས་ཨི་སི་རེལ་ལ་གོ་མཚོན་མཁོ་འདོན་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་བསྐུལ་གནང་ཡོད་པ་དང་། གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་སུམ་བཅུ་སོ་གྲངས་ཤིག་གིས་སྲིད་འཛིན་མཆོག་དང་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷུ་ལི་ཁེན་ལགས་སུ་མཚན་འཁོད་ཕྱག་བྲིས་ཤིག་ཕུལ་ཏེ། ཨི་སི་རེལ་ལ་གོ་མཚོན་མཁོ་འདོན་གནང་རྒྱུ་མཚམས་འཇོག་དགོས་པའི་འབོད་ཞུས་གནང་བའི་གནས་ཚུལ་ཐོན་འདུག།

ད་ཕན་སྲིད་འཛིན་བྷ་ཌན་གཞུང་གིས་སྤྱིའི་ཆ་ནས་ཨི་སི་རེལ་ལ་རྒྱབ་སྐྱོར་གནང་བཞིན་ཡོད་ཀྱང་། གྷ་ཛ་ལུང་གཤོངས་སུ་སྲོག་སྐྱོན་རྐྱེན་འདས་ཀྱི་གྲངས་འབོར་ཁྲི་༣ ཡན་ལ་འཕར་བ་དང་། མི་ཆོས་དགེ་རྩའི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་ཕྱིན་པ་དང་བསྟུན་ནས། ལོ་རེར་འཆར་ཅན་ཨི་སི་རེལ་ལ་ཉུང་མཐར་ཨ་སྒོར་དུང་ཕྱུར་༣༨ གྱི་རོགས་དངུལ་སྤྲོད་མཁན་གྱི་ཨ་རིས་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་སུ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་གི་ཆ་ཤས་མ་བཞེས་པའི་གནས་ཚུལ་ཐོན་ཡོད་པ་རེད། གོང་ཞུས་དེ་བཞིན་རེ་ཊྲི་སི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་པ་ཡིན།

གླེང་སྟེགས།

XS
SM
MD
LG