ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། དོ་དགོང་མཚན་དཀྱིལ་ལ་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་བུ་ལོན་བསྐྱི་ཆོག་པའི་དུས་བཀག་ཟིན་གྱི་ཡོད་ཅིང་། གལ་སྲིད་དེ་རིང་ཕྱི་ཟླ་༡༠་ཚེས་༡༦་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་དབུས་གཞུང་གི་འགྲོ་གྲོན་གཏན་འབེབས་དང་ནོར་སྲིད་ལྷན་ཁང་ལ་བུ་ལོན་བསྐྱི་ཆོག་པའི་དུས་ཚོད་ཕར་འགྱངས་བྱ་མ་ཐུབ་ཚེ། སང་ཉིན་ནས་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་ཉིན་ལྟར་རྒྱལ་ཁབ་གཞན་དང་འཛམ་གླིང་གི་དངུལ་ཁང་ཆེ་ཁག་ལ་ཨ་སྒོར་དུང་ཕྱུར་༦༠་རེའི་བུ་ལོན་དང་སྐྱེད་ཀ་སྤྲོད་དགོས་པ་སྤྲོད་འཇལ་མི་ཐུབ་པའི་མཚམས་སུ་ལྷུང་རྒྱུ་དང་། འཛམ་གླིང་གི་དངུལ་ཁང་ཆེ་ཁག་དང་རྒྱལ་ཁབ་གཞན་རྣམས་ཨ་མི་རི་ཀའི་ནོར་སྲིད་ལམ་ལུགས་ལ་ཡིད་ཆེས་བརླགས་ཏེ། ཨ་མི་རི་ཀ་གཙོས་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་ཚོང་ལས་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུའི་ཉེན་ཀ་ཡོད་པས། ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་དབུས་གཞུང་གི་ལས་ཁུངས་ཕལ་ཆེ་བ་སྒོ་བརྒྱབ་ཡོད་པ་བསྐྱར་དུ་འབྱེད་རྒྱུ་དང་། ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་ལ་བུ་ལོན་བསྐྱི་ཆོག་པའི་དུས་ཚོད་ཕར་འགྱངས་གཏོང་དགོས་ཐབས་ལ་གྲོས་བསྡུར་བྱས་ཏེ། ཨ་མི་རི་ཀའི་གྲོས་ཚོགས་གོང་མས་སྲིད་དོན་ཚོགས་པ་གཉིས་ཀ་མོས་མཐུན་ཡོད་པའི་གྲོས་གཞི་གཏན་འབེབས་བྱ་ཐུབ་པའི་རེ་བ་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མས་གྲོས་ཚོགས་གོང་མའི་ཐག་གཅོད་དེར་མོས་མཐུན་བྱེད་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་གྲོས་གོང་མས་བཏོན་པའི་གྲོས་གཞི་དེར་མོས་མཐུན་མ་བྱས་པ་མ་ཟད། ཁོང་ཚོས་རང་གི་གྲོས་གཞི་ཞིག་བཏོན་པ་དེ་ཡང་གྲོས་ཚོགས་གོང་མར་ཐེངས་གཉིས་ལ་འབུལ་ལམ་ཞུ་ཐུབ་མེད་པ་དང་། དེར་བརྟེན་ཨ་མི་རི་ཀའི་ལོ་རྒྱུས་སུ་སྔོན་ཆད་བྱུང་མྱོང་མེད་པའི་ཛ་དྲག་གི་གནས་ཚུལ་གསར་པ་ཞིག་འབྱུང་སྲིད་པའི་རྣམ་པ་ཐོན་ཡོད་པ་རེད།།
XS
SM
MD
LG