ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་པའི་ཨུ་རུ་སུའི་དམག་ལ་ཨ་རིས་དོགས་ཟོན། 


༄༅།། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་དཔུང་འབུམ་༡་ལྷག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ལ་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་སྲིད་པའི་བློ་འཚབ་བྱུང་། བདུན་ཕྲག་སྔོན་མར་ཨུ་རུ་སུའི་དམག་དཔུང་ཁག་ཅིག་ཡུཀ་རེན་གྱི་ཤར་ཕྱོགས་ས་མཚམས་ཁག་ནས་ཕྱིར་འཐེན་བྱས་ཀྱང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྔར་བཞིན་ཕུ་ཀྲིན་གྱི་ཀུན་སློང་ལ་དོགས་ཟོན། ད་དུང་ཡང་ཨུ་རུ་སུའི་དམག་དཔུང་ཕོན་ཆེན་ཞིག་ཡུཀ་རེན་གྱི་ས་མཚམས་ནས་ཕྱིར་འཐེན་མ་བྱས་པར་འགྲེམ་འཇོག་བྱེད་ཡོད་པའི་དགོས་པ་ཅི་ཡིན་ཤེས་རྟོགས་མ་ཐུབ། ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་ཨུ་རུ་སུའི་དམག་དཔུང་ཁག་ཅིག་ཡུཀ་རེན་གྱི་ས་མཚམས་ནས་ཕྱིར་འཐེན་བྱས་སོང་། ཨ་མི་རི་ཀའི་དམག་གིས་ཨུ་རུ་སུའི་དམག་དཔུང་གི་འགུལ་སྐྱོད་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད། ཡུན་རིང་མི་འགོར་པར་ཨུ་རུ་སུའི་གཞུང་གིས་དམག་སྦྱོང་བྱེད་ཀྱི་ཡོད་ཟེར་བ་ངོ་མ་ཡིན་མིན་ར་འཕྲོད་ཀྱི་རེད། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་སྦྱོང་ཚར་བའི་རྗེས་སུ་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་བ་ནི་ཡིད་ཆེས་བྱེད་དཀའ་བ་ཞིག་རེད་ཅེས་གསར་འགོད་པ་ཚོར་བཤད། ༢༠༡༤་ལོར་ཨུ་རུ་སུའི་གཞུང་གིས་དམག་དཔུང་འབུམ་༡་དང་ཕྱེད་ཀ་ལྷག་དྲངས་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་གྱིས་འཕྲོག ད་ལོ་སླར་ཡང་ཨུ་རུ་སུའི་དམག་དཔུང་འབུམ་༡་ལྷག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ནས་བཙན་འཛུལ་གྱི་སྡིགས་ར་བསྐུལ། ཨ་མི་རི་ཀ་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་ཨུ་རུ་སུ་ལ་ཞི་དྲག་གཉིས་ཀྱི་སྒོ་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་གནོན་ཤུགས་སྤྲད།།

ཨུ་རུ་སུའི་གཞུང་གིས་མངའ་ཁུལ་དེར་ཟིང་འཁྲུགས་བསླངས་ནས་ཞི་བདེ་མེད་པར་གཏོང་མཁན་ནི་ཡུཀ་རེན་རེད་ཅེས་སྐྱོན་བཙུགས། གཟའ་ཟླ་བའི་ཉིན་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཕུ་ཀྲིན་གྱིས་ཧྥ་རན་སིའི་སྲིད་འཛིན་ལ་ཁ་པར་བཏང་ནས་ཡུཀ་རེན་གྱི་དམག་གིས་ཤར་ཕྱོགས་ས་མཚམས་ཁག་ཏུ་འཁྲུག་རྩོད་སློང་གི་ཡོད་པར་བཀའ་མོལ་གནང་བ་རེད་ཅེས་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱིས་དམག་སྦྱོང་ལེགས་གྲུབ་བྱུང་སོང་། ཕྱི་ཟླ་༥་པའི་ཚེས་༡་གི་ནང་ཚུད་དུ་ཨུ་རུ་སུའི་དམག་དཔུང་རྣམས་དམག་སྒར་ཁག་ལ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཨ་རིས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཅེས་བསྒྲགས། ཕྱི་ཟླ་༤་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་གྱིས་དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་རི་ཆར་ཌི་མུར་གྱི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱིན་ཇི་གཉིས་ཀས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཚེ། སྲིད་འཛིན་ཕུ་ཀྲིན་གྱིས་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་རྒྱུ་ཡིན་པའི་ཉེན་བརྡ་དྲག་པོ་ཞིག་བཏང་བ་ཡིན། ང་ཚོས་ཨུ་རུ་སུའི་འགོ་ཁྲིད་ཚོར་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་དབྱིན་ཇིས་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུ་ཡིན་པ་དང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུ་ཡིན་པ་གསལ་པོ་བཤད་པ་དང་ཨུ་རུ་སུ་རྩིས་ལོག་ཐེབས་མི་ཉན་པའི་ཉེན་བརྡ་བཏང་བ་ཡིན་ཞེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ན་ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་སྐྱོབ་རྒྱུ་ཡིན་མིན་ཉམས་ཚོད་ལེན་པར་དམག་སྦྱོང་བྱེད་ཀྱི་ཡོད་པ་རེད་ཅེས་གླེང་།།

བདུན་ཕྲག་སྔོན་མར་ཨ་རིའི་དམག་དོན་གསང་བའི་ལས་ཁང་གི་དམག་སྤྱི་གཞོན་པ་སི་ཀོ་ཊི་བྷེ་རིར་གྱིས་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་ལ་ཕུ་ཀྲིན་གྱིས་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་ཀུན་སློང་ཅི་ཡང་ཤེས་རྟོགས་ཐུབ་དཀའ། ༢༠༢༠་གཅིག་པུར་ཨ་རིའི་གཞུང་གིས་དམག་དོན་གསང་བའི་ལས་ཁུངས་ལ་ཨ་སྒོར་དུང་ཕྱུར་༢༣༠་ལྷག་འགྲོ་གྲོན་བཏང་ནས་ཕུ་ཀྲིན་གྱི་ཀུན་སློང་ཅི་ཡང་ཤེས་རྟོགས་མ་ཐུབ་པ་ནི་ཐབས་རྡུགས་ཤིག་ཡིན། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་གྱི་མཐར་ཐུག་གི་དམིགས་ཡུལ་ཅི་ཡིན་བཤད་ཁག་པོ་རེད། ཨུ་རུ་སུའི་གནམ་དམག་དང་ས་ཐོག་གི་དཔུང་འཇུག་དཔུང་སྡེ་ཁག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ཡོད་ཅིང་། ཨུ་རུ་སུའི་དམག་དཔུང་གིས་དམག་སྦྱོང་བྱེད་ཀྱི་ཡོད་པ་དང་དམག་དཔུང་ཕྱིར་འཐེན་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། དེ་ནས་གློ་བུར་དུ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེ། ད་ལྟའི་སྐབས་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁང་རྣམས་མགོ་འཐོམ་དུ་འཇུག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་འདྲ་ཞེས་སྙན་སེང་ཞུས། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཕུ་ཀྲིན་གྱིས་ཨུ་རུ་སུའི་གྲོས་ཚོགས་ལ་ལོ་རེའི་གཏམ་བཤད་བྱས་པའི་སྐབས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་སྲུང་སྐྱོབ་བྱས་ནས་ཨུ་རུ་སུ་ལ་དམག་བརྒྱབ་ན་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཕུ་ཀྲིན་གྱི་དམིགས་ཡུལ་གཙོ་བོ་ཞིག་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་དེ་སླར་གསོ་བྱ་རྒྱུ། དེ་སྔའི་ཨུ་རུ་སུའི་དམར་ཤོག་གི་ཁྱབ་ཁོངས་ཁག་ལ་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ། ཡུཀ་རེན་སོགས་སྔོན་མའི་ཨུ་རུ་སུའི་དམར་ཤོག་གི་རྒྱལ་ཕྲན་རྣམས་ཨུ་རུ་སུའི་ཤུགས་རྐྱེན་འོག་ལ་བསྐྱར་དུ་འཇུག་རྒྱུའི་ཕུགས་བསམ་འཆང་།།

ཨ་རིའི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷེ་རིར་གྱིས་ཨུ་རུ་སུའི་མི་ཇི་སྙད་ཅིག་དམངས་གཙོའི་ལྟ་གྲུབ་ཀྱི་གོ་རྟོགས་དམའ། རྒྱལ་ཁབ་དེའི་འགོ་ཁྲིད་ཚོས་དམངས་གཙོ་ནི་ཟིང་ཆ་ཆེན་པོ་དང་ཞི་བདེ་བརྟན་ལྷིང་མེད་པ་ཞིག་ལ་རྩི་བཞིན་འདུག འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དེར་ཨུ་རུ་སུའི་དམག་དཔུང་དེང་རབས་ཅན་ལ་བསྒྱུར་ཡོད་པས་ཕུ་ཀྲིན་ལ་ཨུ་རུ་སུ་སླར་ཡང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པའི་གདེང་སྤོབས་ཆེ་རུ་སོང་ཞིང་། ཨུ་རུ་སུའི་དམག་དོན་འཐབ་ཇུས་ནི་གྲང་དམག་དུས་སྐབས་ལས་ཀྱང་ཉེན་ཁ་ཆེ་རུ་ཕྱིན་འདུག ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་དང་ཉི་རླུང་དྲྭ་ཇག་ཚོགས་པ་ཨ་རིའི་གཞུང་སྒེར་གྱི་ལས་ཁུངས་ཁག་གི་དྲྭ་ལམ་དུ་སིམ་འཛུལ་བྱས་པ། ཨ་རིའི་སྲིད་འཛིན་འོས་འདེམས་ཐེངས་གཉིས་ལ་ཨུ་རུ་སུས་ཐེ་གཏོགས་བྱས་པ་དང་ཨ་རིའི་འཁོར་སྐར་གྱི་འཁྲིས་སུ་ཨུ་རུ་སུའི་མཁའ་དབྱིངས་འཕུར་གྲུ་བཏང་བ། ཨ་རིའི་མཁའ་དབྱིངས་སུ་ཨུ་རུ་སུའི་མདེལ་འཕེན་གནམ་གྲུ་སིམ་འཛུལ་བྱས་པ་རྣམས་ཕུ་ཀྲིན་གྱི་ཧམ་སེམས་དང་ང་རྒྱལ་ཙམ་མ་རེད། ཨུ་རུ་སུའི་གཞུང་གིས་བསམ་བཞིན་ཨ་མི་རི་ཀར་ཁ་གཏད་བཅག་ན་གང་འདྲ་ཡོད་མེད་ཉམས་ཚོད་ལེན་གྱི་ཡོད་པ་ཞིག་རེད། ཨུ་རུ་སུ་སེམས་གཏིང་དུ་ཨ་མི་རི་ཀར་སྐྲག་གི་ཡོད་པས་རྒྱལ་ཁབ་དེའི་སྤྱོད་པར་ཡ་ང་དང་སྙིང་རྗེ་མེད་པ། ཕུ་ཀྲིན་ལ་ཨ་མི་རི་ཀས་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་ཁ་གཏོར་བཏང་སོང་སྙམ་པའི་ཞེ་འཁོན་ཆེ། ཕུ་ཀྲིན་གྱིས་ཨུ་རུ་སུ་དམར་ཤོག་གི་དཔལ་འབྱོར་ཉམས་རྒུད་དང་གཅིག་སྡུད་ཀྱི་ལམ་ལུགས་དེས་ཁུངས་མ་འཁྱོལ་བར་རྒྱལ་ཁབ་ཁ་འཐོར་སོང་བ་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད།།

སྲིད་དོན་ཉམས་ཞིབ་པ་ཚོས་༡༩༩༡་ལོར་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་འཐོར་ཞིག་སོང་བའི་རྗེས་སུ་ལི་ཐུ་ཝྭེ་ཎི་ཡ་དང་ཨེ་སི་ཊོ་ཎི་ཡ། ལཱ་ཊི་ཝྭི་ཡ་སོགས་རྒྱལ་ཁབ་མང་དག་ཅིག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས། ད་ལྟ་ཡུཀ་རེན་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་ཡོད་པས་ཨུ་རུ་སུའི་གཞུང་གིས་བཙན་འཛུལ་གྱི་འཇིགས་སྣང་བསྐུལ། ཡུཀ་རེན་བརྩད་ནས་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཐུག་པ་ཡིན་ན་ཨུ་རུ་སུ་ལ་ངེས་པར་དུ་རྒྱལ་ཁ་འཐོབ་དགོས་པའི་ལྟ་བ་ཞིག་འཛིན་གྱི་འདུག ཕོ་བྲང་དཀར་པོར་སྲིད་འཛིན་སུ་ཞིག་འདེམས་ཐོན་བྱུང་ཡང་ཨུ་རུ་སུ་བཀག་སྐྱིལ་བྱ་རྒྱུ་ནི་གཅིག་མཚུངས་རེད། ནམ་ཞིག་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་དམག་འཁྲུག་རྒྱག་དགོས་པ་ལྡོག་ཐབས་བྲལ། དེའི་བར་དུ་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་ནང་འཁྲུག་སློང་བ་དང་དཀྲོག་གཏམ་སྒྲོགས་ནས་བརྟན་ལྷིང་མེད་པར་གཏོང་རྒྱུ། ཕུ་ཀྲིན་གྱིས་ཨ་མི་རི་ཀ་རྒྱ་ནག་ལ་མགོ་འཁོར་བ་དང་སྲིད་དོན་ཚོགས་པ་གཉིས་འཆམ་མཐུན་མེད་པ། སྲིད་འཛིན་བྷ་ཌན་གྱིས་ལས་དོན་ནུས་པ་ཐོན་པ་ཞིག་སྒྲུབ་ཐུབ་ཀྱི་མེད་པའི་གོ་སྐབས་ལ་བསྟུད་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་ཨུ་རུ་སུའི་དཀྱིལ་འཁོར་དུ་འཇུག་རྒྱུའི་རེ་བ་འཆང་འདུག ཇཱོ་བྷ་ཌན་གྱིས་ཨུ་རུ་སུའི་སྤྱི་སྒེར་མང་པོ་ཞིག་ལ་ཚོང་ལས་དང་དཔལ་འབྱོར། འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་བཅད། ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་མང་དག་ཅིག་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་ཕྱིར་འབུད་བྱས་ཀྱང་ཕུ་ཀྲིན་གྱི་སྤྱོད་པར་འགྱུར་བ་གཏོང་དཀའ་ཞེས་བསྟན་འདུག

XS
SM
MD
LG