ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་དང་ཨ་རིའི་ཚོང་ལས་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཞོར་དུ་སྲིད་འཛིན་ཌོ་ནལ་མ་དང་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་གཉིས་ཀྱིས་ཨ་རི་དང་ཉི་ཧོང་གཉིས་ཚོང་ལས་ཀྱི་གྲོས་མཐུན་ཞིག་བྱུང་ཡོད། ཨ་མི་རི་ཀའི་སྐམ་ཤ་དང་ཕག་ཤ། གྲོ་དང་ཕྱུར་བ། ཁམ་ཚིག་སོགས་ཉི་ཧོང་གི་ཁྲོམ་ར་ཁག་ལ་ནང་འདྲེན་བྱེད་དུ་འཇུག་རྒྱུ་དང་ཉི་ཧོང་གི་ཆུ་འཁོར་དང་འཕྲུལ་ཆས། ལྕགས་རྟ་དང་སྔོ་ཇ། མེ་ཏོག་སོགས་ཀྱི་དངོས་ཟོག་རྣམས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་ཞིག་བྱུང་སྟེ་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་རྣམས་ནང་འདྲེན་མ་བྱས་པར་འགག་ཡོད་པའི་དཀའ་ངལ་ཆེན་པོ་ཞིག་སེལ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉི་ཧོང་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་འདི་ཨ་རིའི་ཞིང་པ་དང་འབྲོག་པ། ཤིང་ཏོག་འདེབས་ལས་པ་ཚོར་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཞེས་བསྒྲགས།

ད་སྔ་ཉི་ཧོང་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་གྱི་ཡིག་ཆ་ཁ་ཚང་ཞིག་ཕྱིར་བསྒྲགས་བྱས་མེད་ཀྱང་གྲོས་མཐུན་དེར་ཉི་ཧོང་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་རླངས་འཁོར་གྱི་རིགས་ལ་སྒོ་ཁྲལ་སྤར་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། སྔ་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉི་ཧོང་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་རླངས་འཁོར་གྱི་རིགས་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། གཟའ་འཁོར་འདིར་ཉི་ཧོང་གིས་ཨ་མི་རི་ཀའི་འབྲུ་རིགས་དང་འབྲོག་ལས་ཐོན་སྐྱེད། ཁམ་ཚིག་སོགས་ལ་ཁྲོམ་ར་སྒོ་འབྱེད་བྱ་རྒྱུའི་གྲོས་མཐུན་བྱུང་བ་དེས་ཨ་རི་དང་ཉི་ཧོང་གི་འབྲེལ་བ་སྲ་བརྟན་ཡིན་པའི་རྟགས་མཚན་མཚོན་ཐུབ། རྒྱ་ནག་གི་ཉམས་ཞིབ་པ་ཧེ་ཕིང་ཞེས་པ་ཞིག་གིས་ཉི་ཧོང་དང་ཨ་རིའི་ཚོང་ལས་གྲོས་མཐུན་འདི་རྒྱ་ནག་དང་ཨ་རིའི་ཚོང་དོན་གྲོས་མོལ་ལ་འབྲེལ་བ་དམ་ཟབ་ཡོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཐད་ཀར་ཚོང་དོན་གྲོས་མོལ་བྱེད་ཀྱི་ཡོད་པར་གྲུབ་འབྲས་དང་རྒྱལ་ཁ་ཆེན་པོ་ཞིག་ཐོབ་འདུག དེར་བརྟེན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལངས་ཕྱོགས་མཁྲེགས་པོ་འཛིན་ཆོག ཨ་རིའི་ཞིང་པ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས་ནས་ཨ་རིའི་འབྲུ་རིགས་ཕྱིར་ཚོང་གི་ཁྲོམ་ར་མེད་པར་བཏང་སོང་། ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཚོང་ལས་མཉམ་འབྲེལ་མཐུན་ཚོགས་ཁོངས་ནས་ཕྱིར་འཐེན་བྱས་པའང་འགྲིག་མེད། ཨ་མི་རི་ཀའི་ཞིང་པ་ཚོར་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་ཞིག་ཤོར་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འགོག་ཐུབ་པ་རེད་ཅེས་བཤད།

ལོ་རྗེས་མར་ཨ་མི་རི་ཀར་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པ་དང་ཨ་མི་རི་ཀའི་ཞིང་པ་དང་འབྲོག་པ་རྣམས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་གཙོ་བོ་ཡིན་ཞིང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་མང་པོ་ཞིག་ཉི་ཧོང་ལ་ཕྱིར་ཚོང་བྱེད་ཐུབ་ཀྱི་ཡོད་པས་ཕྱི་ཟླ་༡༠་པར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་པའི་སྐབས་སུ་ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་གུ་བཤངས་བྱ་དགོས་དོན་མེད། ཉི་ཧོང་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་འདིར་རྒྱ་ནག་གིས་དོགས་འདྲོག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར། རྒྱ་ནག་གི་འགོ་ཁྲིད་ཚོ་བློ་འཚབ་འབྱུང་ས་གཙོ་བོ་ཞིག་ནི་ཨ་རི་དང་ཉི་ཧོང་གི་ཚོང་ལས་གྲོས་མཐུན་དེར་ཨ་མི་རི་ཀར་རང་དབང་ཚོང་ལས་ཀྱི་གྲོས་མཐུན་བཞག་ཡོད་པའི་རྒྱལ་ཁབ་ཁག་གིས་ཚོང་གྲོགས་མིན་པའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་འཛུགས་མི་ཆོག་ཅེས་དོན་ཚན་ཞིག་བཀོད་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། གལ་སྲིད་དོན་ཚན་དེ་བཀོད་ཡོད་ན་ཨ་མི་རི་ཀར་རང་དབང་ཚོང་ལས་ཀྱི་གྲོས་མཐུན་བཞག་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་རང་དབང་ཚོང་ལས་ཀྱི་འབྲེལ་བ་འཛུགས་མི་ཆོག་པའི་འགོག་རྐྱེན་འཕྲད་རྒྱུ་དང་། ཨ་རིའི་ཚོང་དོན་དྲུང་ཆེས་ཁེ་ན་ཌ་དང་མེཀ་སི་ཀོ་གཉིས་ལའང་དོན་ཚན་འདི་ལག་ལེན་བསྟར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པ་རེད།

པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཀྲུག་ཡུང་ཧྲེང་གིས་ཨ་མི་རི་ཀ་དང་ཉི་ཧོང་གི་ཚོང་ལས་གྲོས་མཐུན་དེར་དོན་ཚན་དེ་བཀོད་ཡོད་ན་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་མི་ཐུབ་པར་མ་ཟད། ཨ་ཤེ་ཡའི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་མཐུན་ཞིག་ཀྱང་འཇོག་དཀའ་བར་འགྱུར་རྒྱུ་རེད། རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་༡༠་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་དང་རྒྱ་གར་བཅས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་དགོས་པའི་གྲོས་གཞི་བཏོན་ཡོད་པས་རྒྱལ་ཁབ་དེ་ཚོས་རྒྱ་ནག་ལ་རང་དབང་ཚོང་ལས་ཀྱི་འབྲེལ་བ་བཙུགས་ན་ཨ་མི་རི་ཀར་རང་དབང་ཚོང་ལས་ཀྱི་འབྲེལ་བ་གཅོད་དགོས། ད་ལྟ་ཉམས་ཞིབ་པ་ཚང་མས་ཨ་རི་དང་ཉི་ཧོང་གི་ཚོང་ལས་གྲོས་མཐུན་དེར་ཨ་མི་རི་ཀར་རང་དབང་ཚོང་ལས་ཀྱི་གྲོས་མཐུན་བཞག་ཡོད་པའི་རྒྱལ་ཁབ་ཁག་གིས་ཚོང་གྲོགས་མིན་པའི་རྒྱལ་ཁབ་ཁག་ལ་རང་དབང་ཚོང་ལས་ཀྱི་གྲོས་མཐུན་འཇོག་མི་ཆོག་ཅེས་བཀོད་ཡོད་མེད་ལ་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་པ་རེད།།

འདི་ཙམ་ན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཞོར་དུ་ཨ་རི་དང་རྒྱ་ནག་གཉིས་ཀས་ཤུགས་སྣོན་ཞིག་རྒྱག་དགོས། ཕྱི་ཟླ་༡༠་པར་ཝ་ཤིང་ཊོན་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཤིག་འཐོན་ཐུབ་པའི་རེ་བ་ཡོད། ཉེ་དུས་ཤིག་ནས་ཕྱོགས་གཉིས་ཀས་ལྷག་བསམ་རྣམ་དག་གི་སྒོ་ནས་ཚོང་དོན་གྲོས་མོལ་བྱ་རྒྱུའི་རྣམ་འགྱུར་སྟོན་གྱི་ཡོད་པ་རྟགས་མཚན་བཟང་པོ་ཞིག་རེད། དཔེར་ན་རྒྱ་ནག་གི་དངོས་ཟོག་མང་པོ་ཞིག་ལ་ཨ་མི་རི་ཀས་སྒོ་ཁྲལ་འཕར་སྣོན་བྱ་རྒྱུ་ངང་འཐེན་བྱས་པ་དང་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་མང་ཙམ་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད། ང་ཚོས་ཕྱོགས་གཉིས་ཀས་ཤུགས་སྣོན་མང་ཙམ་བརྒྱབ་སྟེ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱ་དགོས། ཕྱི་ཟླ་༡༠་ཚེས་༡༠་དང་ཚེས་༡༡་གཉིས་ལ་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་ཁྲིད་ལིའུ་ཧེ་དང་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་ལ་ཡེ་ཊི་ཧར་ཛི་སོགས་ཀྱིས་ཝ་ཤིང་ཊོན་དུ་ཚོང་དོན་གྲོས་མོལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG