ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༠/༡༥

མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་ལྷན་འཛོམས་དང་རྒྱ་ནག་གི་སེམས་ཁྲལ།


ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གདན་འདྲེན་ཞུས་ཏེ་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་གྲོས་མོལ་གནང་བཞིན་པར་རྒྱལ་སྤྱིའི་གསར་འགྱུར་ཁག་ཏུ་འཛོམས་གནས་ཁྱད་པར་ཅན་འདིའི་སྐོར་ལ་དོ་སྣང་ཆེན་པོ་ཡོང་གི་འདུག་ལ་རྒྱ་ནག་གིས་ཀྱང་སེམས་ཁྲལ་ངང་སྡུག་ར་སྐུལ་བཞིན་པ་རེད།

ཚེས་༡༨་ནས་འཚོགས་བཞིན་པའི་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་ཚོའི་གྲོས་མོལ་འདི་ལ་ལྕགས་ཟུར་གསུམ་བསྐྱར་འཛོམས་ཞེས་མིང་བཏགས་འདུག་ལ། འདི་ནི་ཨ་མེ་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་དུ་གྱུར་རྗེས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་རྣམས་གཞུང་འབྲེལ་ངང་ལྷན་ཚོགས་ཀྱིས་ཆེད་དོན་གྲོས་མོལ་བྱུང་བ་ཐོག་མ་དེ་ཡིན་པ་མ་ཟད། ཉི་ཧོང་གིས་ཀོ་རི་ཡར་མི་སེར་སྤེལ་བའི་ལོ་རྒྱུས་ཀྱི་ནད་རྙིང་ལས་དོན་དམ་གྱི་མཐུན་གྲོགས་རྒྱལ་ཁབ་ཅིག་ཆགས་ཐུབ་མེད་པའི་སྐབས་ཤིག་ལ་འཁེལ་ཡོད་པ་རེད།

ཉི་ཧོང་སྲིད་བློན་ཁཱི་ཤི་དྷ་།
ཉི་ཧོང་སྲིད་བློན་ཁཱི་ཤི་དྷ་།

སྲིད་འཛིན་ཇཱོ་བྷ་ཎན་གྱིས་ཉི་ཧོང་སྲིད་བློན་ཁཱི་ཤི་དྷ་(Fumio Kishida)་ དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱོན་ཟོག་ཡའུ་(Yoon Suk-yeol) ་གཉིས་ཁེམ་ཌེ་ཝེ་ཌེ་(Camp David)་ཞེས་པའི་སྲིད་འཛིན་གྱི་སྡོད་སྒར་ལ་གདན་འདྲེན་ཞུ་བཞིན་པར་ལོ་རྒྱུས་ཀྱི་དོན་སྙིང་དང་མཚོན་དོན་གལ་ཆེན་ཡོད་པ་སྟེ། དེ་ཡང་ཕོ་བྲང་དཀར་པོའི་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་ལས་དོན་འབྲེལ་མཐུད་པ ཁཱེམ་བྷེལ་(Kurt Campbell) ཀྱིས། མི་ཚང་མས་ལྷན་ཚོགས་དེ་སྲིད་འཛིན་སྡོད་སྒར་དེར་སྐྱོང་བཞིན་པའི་གནད་འགག་ཧ་གོ་རྒྱུ་རེད། ང་ཚོས་ལྷན་ཚོགས་འདིའི་གལ་གནད་ལ་མཐོང་ཆེན་བྱེད་དེ་དོན་སྙིང་ཆེན་པོར་བརྩི་བཞིན་ཡོད། ལྷན་ཚོགས་དེའི་ཐོག་ནས་ད་ལྟ་དང་མ་འོངས་པའི་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་ཆོད་སེམས་རྟོགས་ཐུབ་ཀི་རེད་ཅེས་བརྗོད་འདུག་མོད། དོན་སྙིང་ཅི་ཡིན་འགྲེལ་བརྗོད་ཁ་གསལ་བྱས་མེད་པ་རེད།

ཁཱེམ་ཌེ་ཝེ་ཌེ་སྲིད་འཛིན་སྡོད་སྒར་ནི་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་སྤྱི་ལེ་༦༠་ཡི་མཚམས་སུ་ས་ཁྱོན་ཨེར་ཀཱ་༡༤༠་ཡོད་པའི་མཱེ་རི་ལན་ཌི་མངའ་སྡེའི་དབེན་གནས་ཞིག་ཏུ་ཡོད་པ་དང་། སྲིད་འཛིན་རིམ་པའི་གུང་སེང་གི་དུས་ཚོད་གཏོང་ས་ཞིག་ཡིན་འདུག ཡིན་ན་ཡང་སྡོད་སྒར་འདི་ནི་ཨ་རིའི་ཕྱི་འབྲེལ་ལོ་རྒྱུས་ལ་དམིགས་བསལ་ཞིག་ཆགས་ཡོད་པ་སྟེ། ཨ་རིའི་སྲིད་འཛིན་༣༢་བ་རཱོ་སེལ་ཝེལ་ཌི་(Roosevelt) ནི་སྲིད་འཛིན་སྡོད་སྒར་འདི་ཕྱི་སྲིད་འབྲེལ་ལམ་སྐྱོང་ས་ཐོག་དང་བོར་བེད་སྤྱོད་གཏོང་མཁན་ཞིག་སྟེ། འཛམ་གླིང་དམག་ཆེན་གཉིས་པའི་བར་སྟེ་སྤྱི་ལོ་༡༩༤༣་ལོར་སྐབས་དེའི་དབྱིན་ཇིའི་སྲིད་བློན་ཆཱེར་ཆཱི་(Churchill) སྡོད་སྒར་འདིར་གདན་འདྲེན་ཞུས་ཏེ་ཉྭ་འཛིན་པའི་ཞོར་ལ་དམག་འཁྲུག་མཚམས་བཞག་ནས་མ་འོངས་པའི་འཛམ་གླིང་སྐོར་ལ་གྲོས་མོལ་གནང་མྱོང་བ་དང་། སྐབས་དེར་སྲིད་འཛིན་རཱོ་སེལ་ཝེལ་ཌི་(Roosevelt) ཡིས་སྡོད་སྒར་འདི་ལ་ཤཱང་ཀི་རི་ལཱ་འམ་གསང་བའི་བསྟི་གནས་ཞེས་མིང་བཏགས་མྱོང་འདུག

དེའི་རྗེས་ཨ་རིའི་སྲིད་འཛིན་ཨེ་ཟེན་ཧོ་ཝར་(Eisenhower) གྱིས་སྡོད་སྒར་དེར་འབར་རྫས་གཏོར་རྒོལ་ལས་གཡོལ་ས་བཟོས་ཏེ་ཅུང་རྒྱ་སྐྱེད་བཏང་བ་དང་། སྤྱི་ལོ་༡༩༥༩་ལོ་སྟེ་གྲང་དམག་གི་སྐབས་སུ་ཁོས་སྐབས་དེའི་ཨུ་རུ་སུ་ཡི་མགོ་ཁྲིད་ཁཱེ་རུ་ཞི་ཆཱི་ཧྥི (Khrushchev ) ་སྡོད་སྒར་འདིར་འབོད་འགུག་གིས་གྲོས་མོལ་བྱས་མྱོང་འདུག ཡང་སྤྱི་ལོ་༡༩༧༨་ལོར་ཨ་རིའི་སྲིད་འཛིན་ཇཱེ་མི་ཀཱར་ཌ་(Jimmy Carter ) ཡིས་ཨི་ཇེབ་དང་ཨི་སི་རེལ་གྱི་མགོ་ཁྲིད་གཉིས་སྡོད་སྒར་འདིར་གདན་འདྲེན་ཞུས་ཏེ་ལོ་ངོ་བཅུ་ཕྲག་མང་པོའི་དམག་འཁྲུག་དང་འཚེ་བ་མཇུག་སྒྲིལ་ནས་ཞི་བའི་གྲོས་མཐུན་འཇོག་ཐུབ་པ་བྱུང་ཡོད་འདུག་ལ། ཡང་སྤྱི་ལོ་༢༠༠༠་ལོར་སྲིད་འཛིན་བྷེལ་ཁི་ལིན་ཌོན་གྱིས་ཨི་སི་རེལ་དང་པ་ལི་ས་ཐན་གྱི་མགོ་ཁྲིད་གཉིས་གྲོས་མོལ་དུ་སྐོང་འགུག་བྱས་མྱོང་འདུག

ཕོ་བྲང་དཀར་པོའི་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་ལས་དོན་འབྲེལ་མཐུད་པ་ ཁེར་ཌི་ ཁཱེམ་བྷེལ་(Kurt Campbell) ཀྱིས་བརྗོད་ན་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་བར་གྱི་ལོ་རྒྱུས་ཀྱི་ནད་རྙིང་དང་འཁོན་སེམས་ཞི་འཇགས་སུ་བཏང་ནས་ཨེ་ཤ་ཡའི་རྒྱལ་ཁབ་གལ་ཆེན་པོ་འདི་གཉིས་དོན་དམ་གྱི་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་དེ་ཨོ་བྷ་མའི་འཛིན་སྐྱོང་སྲིད་གཞུང་གི་སྐབས་སུ་ཇཱོ་བྷ་ཌན་སྲིད་འཛིན་གཞོན་པ་ཡིན་དུས་ནས་ཐུགས་རེ་ཡོད་ཀྱང་། དམག་ཆེན་གཉིས་པའི་སྐབས་ཀྱི་ངལ་རྩོལ་བསྒྱུར་བཀོད་དང་མངའ་ཁོངས་བདག་དབང་གི་ལོ་རྒྱུས་དཀའ་རྙོག་གིས་དོན་འཁྱོངས་ལྡན་པ་ཞིག་བྱུང་མེད་པ་རེད།

ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱོན་ཟོག་ཡའུ།
ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱོན་ཟོག་ཡའུ།

ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱོན་ཟོག་ཡའུ་(Yoon Suk-yeol) ་ཡིས་གོ་གནས་བཟུང་བའི་རྗེས་སུ་ལྷོ་ཀོ་རི་ཡའི་དམངས་ཁྲོད་དུ་ཉི་ཧོང་ལ་དགྲ་བོའི་འདུ་ཤེས་བཟུང་ནས་ཉི་ཧོང་དང་འབྲེལ་ལམ་ཡར་རྒྱས་གཏོང་བར་སྐྱོན་བརྗོད་ཀྱི་གནོན་ཤུགས་ལ་གདོང་ལེན་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་བར་དུ་བདེ་འཇགས་དང་འབྲེལ་བའི་གསང་བའི་ཡིག་ཆ་མཉམ་སྤྱོད་དེ་སླར་གསོ་གནང་ཡོད་པ་དང་། ཉི་ཧོང་གི་མི་སེར་སྤེལ་བའི་དབང་བསྒྱུར་ལས་རང་དབང་ཐོབ་ནས་ལོ་༧༨་འཁོར་བའི་དུས་དྲན་སྐབས་སུ་ཡང་། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་སོགས་ལས་ད་ལྟའི་རྒྱལ་སྲུང་བདེ་འཇགས་ཀྱི་གནད་དོན་གལ་ཆེན་འདིའི་ཐོག་ནས་ཨ་རི་དང་ཉི་ཧོང་གཉིས་ལ་མཉམ་ལས་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་རྒྱལ་ཡོངས་སུ་གཏམ་བཤད་གནང་ཡོད་པ་རེད།

མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་ཆེས་མཐོའི་མགོ་ཁྲིད་ཚོ་ལྷན་ཚོགས་མ་གནང་བའི་སྔོན་ཏེ་སྤྱི་ཚེས་༡༦་ཉིན་ལ་བྷི་རུ་ཁེན་སི་ཉམས་ཞིབ་བསྟི་གནས་ཁང་གིས་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་ཕྱོགས་གསུམ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཏེ་རྒྱལ་ཁབ་གསུམ་གྱི་ཆེས་མཐོའི་མགོ་ཁྲིད་ཚོའི་ལྷན་ཚོགས་འདིའི་སྔོན་འགྲོ་ཚོགས་འདུ་ལྟ་བུ་ཞིག་ཏུ་བརྩི་བཞིན་འདུག དེའི་ཐོག་ལ་ཉི་ཧོང་གི་ཨ་རིའི་གཞུང་ཚབ་ཆེན་མོ་ཨི་མཱ་ནོལ་(Rahm Emanue)་དང་ཕོ་བྲང་དཀར་པོའི་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་ལས་དོན་འབྲེལ་མཐུད་པ ཁཱེམ་བྷེལ་(Kurt Campbell) ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་ཤར་ཨེ་ཤ་ཡ་དང་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་ལས་དོན་ཁང་གི་འགན་འཛིན་ལྕམ ་མཱེ་རཱ (Mira Rapp-Hooper) དེ་བཞིན་ཉམས་ཞིབ་ཁང་འདིའི་ནང་གི་ཨེ་ཤ་ཡའི་་ཆེད་ལས་ཉམས་ཞིབ་པ་་ཀེམ་(Patricia Kim ) དང་ཨེ་ཤ་ཡའི་ཆེད་ལས་ཉམས་ཞིབ་པ་ཡཱོ་(Andrew Yeo)་སོགས་མཉམ ཞུགས་གནང་འདུག

ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་ནི་དམངས་གཙོའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་རྣམས་མི་མང་གི་འོས་འདེམས་ཁྲོད་ནས་འཕོ་འགྱུར་འགྲོ་བའི་སྐབས་སུ་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་འབྲེལ་ལམ་ལ་འགྱུར་བ་འགྲོ་ངེས་པའི་ཉེན་ཁ་དེའི་སྐོར་ལ་སྔོན་འགྲོའི་ལྷན་ཚོགས་དེའི་སྐབས་སུ་བགྲོ་གླེང་བྱུང་ཡོད་པ་དང་། རྒྱལ་ཁབ་གསུམ་ལ་སྒྲིག་འཛུགས་ལྡན་པའི་མཉམ་ལས་ཀྱི་རྩ་འཛིན་ཡིག་ཆ་མེད་པ་དེའི་ཐད་ལ། ཁེར་ཌི་ ཁཱེམ་བྷེལ་Kurt Campbell་ཀྱིས་བརྗོད་ན་ཐེངས་འདིའི་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་གྲོས་མོལ་འདིའི་སྐབས་སུ་རྒྱལ་ཁབ་གསུམ་པོའི་མི་མང་ལ་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་གལ་གནད་ཆེ་ཁག་ངོས་ཟིན་ཐོབ་ཏུ་མཇུག་རྒྱུ་དང་། རྒྱལ་ཁབ་གསུམ་གྱི་རྩ་འཛིན་གལ་ཆེན་ཁག་གི་མཐུན་ཕྱོགས་ཁྱེར་ནས་ཆབ་སྲིད་ཀྱི་སྡིངས་ཆའི་སྒང་ལ་ཕྱིར་བཤོལ་བྱེད་ས་མེད་པའི་ལམ་བུ་ཞིག་འཚོལ་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད། འབྱུང་འགྱུར་ཨ་རིའི་མི་མང་གིས་ཀྱང་གཞུང་འཛིན་ཆབ་སྲིད་ཚོགས་པ་སུ་ཡིན་ལ་མ་བརྟེན་པར་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་མཉམ་ལས་རྩ་འཛིན་ཐད་ལ་འབབ་ས་གཅིག་ཡིན་པའི་རྨང་གཞི་བཟོ་དགོས་པ་གལ་ཆེན་པོ་ཡིན་པ་རེད།

ཡང་ཉི་ཧོང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཨི་མཱ་ནོལ་(Rahm Emanue)་ཡིས་བརྗོད་ན་ཨ་མེ་རི་ཀས་ད་ལྟ་རྒྱལ་ཁབ་གསུམ་གྱི་འབྲེལ་ལམ་འདིའི་ནང་དུ་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་མཉམ་ལས་རྩ་འཛིན་དེ་ཆེས་རྒྱུན་ལྡན་ཡིན་པའི་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་དགོས་པ་སྟེ་འདི་ནི་མ་འོངས་པའི་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་གྱི་འཐབ་ཇུས་ཀྱི་རྩ་བ་ལ་འགྱུར་བ་གཏོང་བའི་ལམ་ཀ་ཞིག་ཡིན་པ་རེད། ཁོང་གིས། ཨ་མེ་རི་ཀ་དེ་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་དང་བོ་དང་གཉིས་པ་ལ་མཉམ་ལས་བྱེད་པར་འགོག་རྐྱེན་བཟོ་རྒྱུ་ནི་རྒྱ་ནག་གི་འཐབ་ཇུས་གལ་ཆེ་ཤོས་དེ་ཡིན། ཐེངས་འདིར་གཞི་རྩ་ནས་མ་འདྲ་ས་ཞིག་ནི་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་གྱི་འཐབ་ཇུས་ལ་འགྱུར་བ་གཏོང་རྒྱུའི་རྒྱུད་རིམ་ཞིག་གི་མགོ་བརྩམས་པ་རེད་བསམ་གྱིན་འདུག་ཅེས་བརྗོད་འདུག

ཨ་མེ་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་མཉམ་དུ་ཨེ་ཤ་ཡའི་ནང་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཆུང་ཆུང་ཞིག་འཛུགས་འཆར་འདུག་ཅེས་རྒྱ་ནག་གིས་སྐྱོན་བརྗོད་དང་སེམས་ཁྲལ་བྱེད་ཀི་ཡོད་ན་ཡང་། ཐེངས་འདིར་མཐུན་གྲོགས་རྒྱལ་ཁབ་གསུམ་བར་དུ་བདེ་འཇགས་དང་འབྲེལ་བའི་གྲོས་མཐུན་འཇོག་རྒྱུ་མིན་པ་ཁེར་ཌི་ ཁཱེམ་བྷེལ་Kurt Campbell་ཀྱིས་བརྗོད་འདུག ཡིན་ན་ཡང་རྒྱལ་ཁབ་གསུམ་གྱིས་བདེ་འཇགས་གནད་དོན་དང་འབྲེལ་བའི་ཉེན་ཁ་ལ་ངོས་འཛིན་བྱེད་སྟངས་གཅིག་མཐུན་ཡིན་པས་ཐེངས་འདིའི་གྲོས་མོལ་སྐབས་ཉེན་ཁ་དེ་ཚོ་ངོས་འཛིན་བྱེད་ཕྱོགས་ལ་རྒྱུས་ལོན་དང་། ཡང་བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་གསུམ་གྱི་རྣམ་འགྱུར་ལས་ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་གསུམ་སྔར་ལས་ལྷག་པའི་འབྲེལ་ལམ་ཇེ་ཟབ་ཏུ་འགྲོ་བཞིན་པ་ཡང་ངོས་ལེན་བྱས་འདུག

སྔོན་འགྲོ་ལྟ་བུའི་ཚོགས་འདུ་དེ་མ་ཚོགས་པའི་ཉིན་གཅིག་གི་སྔོན་སྟེ་ཚེས་༡༥་ཉིན་ལ་ཨུ་རུ་སུ་ཡིས་ཉི་ཧོང་གི་མཚོ་ཐོག་ཏུ་མཚོ་ཐོག་འབར་རྫས་གཉིས་ཀྱི་སྦྱོང་བརྡར་བྱེད་ཡོད་ཅེས་ཨུ་རུ་སིའི་རྒྱལ་སྲུང་ལྷན་ཁང་གིས་བརྗོད་ཡོད་པ་དང་། སྤྱི་ཟླ་༧་པར་ཡང་ཉི་ཧོང་མཚོ་ཐོག་ཏུ་རྒྱ་ནག་དང་ཨུ་རུ་སུ་ཡི་མཉམ་འབྲེལ་དམག་སྦྱོང་བྱས་ཡོད། དེའི་རྗེས་བསྐྱར་དུ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཧིན་རྡུ་རྒྱ་མཚོའི་ནུབ་དང་བྱང་གི་མཚོ་འགྲམ་དང་མཚོ་ཐོག་ནས་དམག་སྦྱོང་དང་མྱུལ་ཞིབ་བྱས་ཡོད། དེ་བཞིན་གཟའ་ཟླ་བའི་ཉིན་ལ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨོན་གྱིས་གཟའ་པ་སངས་དང་གཟའ་སྤེན་པའི་ཉིན་ལ་མེ་ཤུགས་འཕུར་མདའ་དང་སྒྱོགས་འདེལ་གྱི་ཚོད་ལྟ་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད།

དེའི་བར་ན་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱིས་ཐབས་ཤེས་སྣ་ཚོགས་སྤྱད་དེ་ཤོག་ཁག་དང་དཔུང་སྡེ་སྒྲིག་གི་འདུག་ཅེས་སྐྱོན་བརྗོད་བྱེད་འདུག

རྒྱལ་སྤྱིའི་འཐབ་ཇུས་ཉམས་ཞིབ་ཁང་(CSIS)གི་ཨེ་ཤ་ཡ་དང་ཀོ་རི་ཡ་སྡེ་ཚན་གྱི་འགན་འཛིན་ཆཱ (Victor Cha) ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་བྱེད་ན། གྲང་དམག་གི་སྐབས་སུ་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་བསྐྱར་འཛོམས་ཡོང་བར་རྒྱ་ནག་གིས་ཉེན་ཁ་ཆེན་པོ་མཐོང་གི་ཡོད་པ་རེད། དེ་ཡང་ཁོང་གིས། མཐུན་གྲོགས་རྒྱལ་ཁབ་གསུམ་གྱིས་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་མཉམ་རུབ་བྱེད་སྐབས་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆུང་ལ་འགྲོ་བཞིན་ཡོད། རྒྱ་ནག་གིས་མངའ་ཁུལ་འདིའི་ནང་གི་རྒྱལ་ཁབ་རྣམས་ཕྱོགས་གཅིག་ལ་བསྡུས་ནས་མཉམ་ལས་བྱེད་འདོད་མེད། དེའི་རྒྱུ་མཚན་ནི་མཉམ་ལས་བྱེད་ན་རྒྱ་ནག་གི་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་ཡོད་པས། རྒྱ་ནག་གིས་རྒྱལ་ཁབ་རེ་རེ་ལ་འབྲེལ་བ་ཁ་ཁར་འཛུགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། རྒྱལ་ཁབ་རེ་རེ་ལ་འབྲེལ་བ་བཙུགས་ནས་ཤུགས་རྐྱེན་དང་ནུས་པ་ཆེ་རུ་འདོན་ཐབས་བྱེད་བཞིན་པ་ལས། རྒྱ་ནག་གིས་རྒྱལ་ཁབ་རྣམས་དང་འདྲ་མཉམ་གྱིས་མཉམ་ལས་བྱེད་མདུན་མེད་ཅེས་བརྗོད་འདུག

ཡང་རྒྱ་ནག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་འགུག་ཐབས་ལ་འབད་བརྩོན་བྱེད་དེ་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་གསུམ་གྱི་འབྲེམ་ལམ་བསྐྱར་གསོ་ལ་ནུས་པ་བཏོན་ནས་རྒྱ་ནག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་གི་ཡུལ་སྐོར་ཚོད་འཛིན་ཕྱིར་བསྡུ་བྱས་འདུག རྒྱ་ནག་གིས་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་ནས་ཡུལ་སྐོར་སྒོ་འབྱེད་བྱེད་པ་ཡིན་པར་བརྗོད་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀར་དཔལ་འབྱོར་གྱི་འབྲེལ་ལམ་བསྐྱར་གསོའི་བརྡ་ལན་ཞིག་སྤྲོད་བཞིན་ཡོད་པ་རེད། དཔྱེ་ཞིབ་པ་ཚོས་བརྗོད་ན་རྒྱ་ནག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡར་མཉམ་འབྲེལ་ལས་དོན་བསྐྱངས་པ་ཡིན་ན་ཨ་རིས་དེ་ཉེན་ཁ་ཞིག་ཏུ་ཚོར་གི་ཡོད་མེད་ཀྱི་གནད་དོན་ཐད་ལ། ཕོ་བྲང་དཀར་པོའི་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་འབྲེལ་མཐུད་པ་ཡིས་མངའ་ཁུལ་དེར་རྒྱལ་ཁབ་སུ་དང་སུ་ཡིས་མཉམ་ལས་བྱེད་ཀྱང་དེ་ལ་དགའ་བསུ་ཡོད་ཅེས་བརྗོད་དེ་ཉེན་ཁ་དེར་ངོས་ལེན་བྱེད་མི་འདུག

XS
SM
MD
LG