ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༥/༢༧

ཨ་རིས་གསང་བའི་གནས་ཚུལ་སྤྲད་ནས་ཨུ་རུ་སུའི་དམག་སྤྱི་ཚོ་བསད་སྐད།


༄༅།། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཉུང་མཐར་ཡང་ཨུ་རུ་སུའི་དམག་སྤྱི་༡༢་དང་མདའ་དཔོན་༣༦་བསད། ཨུ་རུ་སུའི་དམག་མི་༢༣༠༠༠་ལྷག་ལ་སྲོག་སྐྱོན་ཕོག ཕྱི་ཟླ་༥་པའི་ཚེས་༤་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀས་ལྐོག་ཏུ་ཡུཀ་རེན་ལ་གསང་བའི་གནས་ཚུལ་སྤྲད་ནས་ཨུ་རུ་སུའི་དམག་དཔུང་འདྲེན་གཏོང་དང་དམག་དཔུང་བཀོད་འདོམས་ཁང་རྣམས་གང་དུ་ཡོད་མེད། ཨུ་རུ་སུའི་དམག་དཔོན་ཚོའི་རླངས་འཁོར་འགུལ་སྐྱོད་རྣམས་འཁོར་སྐར་གྱིས་བརྙན་གཟུགས་བླངས་ཏེ་སྐབས་ཐོག་དེ་ཉིད་ཀྱི་གསང་བའི་གནས་ཚུལ་རྣམས་ཡུཀ་རེན་ལ་སྤྲོད་ཀྱི་ཡོད་ཅིང་། ཡུཀ་རེན་གྱིས་ཨ་མི་རི་ཀས་སྤྲད་པའི་གསང་བའི་གནས་ཚུལ་ལ་གཞིགས་ནས་ཨུ་རུ་སུའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་ནས་ཕམ་ཉེས་ཆེན་པོ་འབྱུང་གི་འདུག ཨ་མི་རི་ཀའི་གསང་བའི་གནས་ཚུལ་སྤྲད་པ་རྣམས་དུས་ཐོག་དང་འཁྲུལ་བ་མེད་པས་ཨུ་རུ་སུའི་དམག་སྤྱི་མང་དག་ཅིག་གསོད་ཐུབ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱིས་ཨུ་རུ་སུའི་དམག་སྤྱི་༡༢་བསད་པ་ཡིན། དམག་སྤྱི་༡༢་བསད་པ་ཚང་མ་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ལ་བརྟེན་ནས་བྱུང་བ་ཞིག་མིན་ཞེས་བཀྲལ། ཟླ་བ་སྔོན་མར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཐུག་འཕྲད་གྲོས་མོལ་སྐབས་སུ་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཨ་མི་རི་ཀས་ཨུ་རུ་སུའི་སྟོབས་ཤུགས་བཅག་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ལྟར་མ་འོངས་པར་དམག་འཁྲུག་རྒྱག་མི་ཐུབ་པ་ཞིག་ཏུ་བསྒྱུར་འདོད་ཡོད་ཅེས་འཛེམ་ཟོན་མེད་པ་གསལ་པོར་བཤད། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཀྱང་ཨ་མི་རི་ཀས་ཡུཀ་རེན་ལ་གསང་བའི་གནས་ཚུལ་སྤྲོད་ཀྱི་ཡོད་ཅེས་ངེས་གཏན་བྱས་ཀྱང་གསང་བའི་གནས་ཚུལ་རིགས་གང་འདྲ་ཞིག་སྤྲོད་ཀྱི་ཡོད་མེད་གསལ་བཀྲོལ་མ་བྱུང་།།

ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཝ་ཊི་སན་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་དེ་ལོག་བཤད་དང་འགན་འཁྲི་མི་ལེན་པའི་གསར་འགྱུར་རེད། ཨ་མི་རི་ཀས་ཡུཀ་རེན་གྱི་སྲུང་སྐྱོབ་ཆེད་དུ་མཁོ་བའི་གསང་བའི་གནས་ཚུལ་ཁག་ཅིག་སྤྲོད་ཀྱི་ཡོད། ཡིན་ནའང་ཨ་མི་རི་ཀས་ཨུ་རུ་སུའི་དམག་སྤྱི་ཚོ་གསོད་རྒྱུའི་ཀུན་སློང་བཅངས་ནས་གསང་བའི་གནས་ཚུལ་སྤྲོད་ཀྱི་མེད་ཅེས་སྐྱོན་བརྗོད་བྱས་འདུག ཁ་སང་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ང་ཚོས་གང་ཅིའི་གནས་སྟངས་ལ་གཞིགས་ནས་ཅི་ཞིག་བསྒྲུབ་དགོས་པ་རྣམས་ཨུ་རུ་སུའི་དམག་གིས་སྒྲུབ་རྒྱུ་རེད། ཨ་རི་དང་དབྱིན་ཇི། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྟག་ཏུ་ཡུཀ་རེན་ལ་གསང་བའི་གནས་ཚུལ་སྤྲོད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་གསང་བའི་གནས་ཚུལ་སྤྲོད་ཀྱི་ཡོད་པར་མ་ཟད། ད་དུང་མཚོན་ཆ་དང་དམག་འཁྲུག་གི་འགྲོ་གྲོན་རོགས་རམ་སྤྲད་ནས་འཐབ་འཁྲུག་རྒྱུན་འཁྱོངས་བྱེད་དུ་འཇུག་གི་འདུག འདི་ནི་ཨུ་རུ་སུའི་དམག་གིས་ལས་དོན་མྱུར་སྒྲུབ་བྱེད་དགོས་པ་དེར་དལ་འགོར་གཏོང་གི་འདུག ནུབ་ཕྱོགས་པ་ཚོས་ཨུ་རུ་སུའི་དམག་ལ་ལས་འགན་སྒྲུབ་མི་ཐུབ་པའི་འགོག་རྐྱེན་བཟོ་མི་ཐུབ་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཉིན་ཤས་གོང་དེར་ཨུ་རུ་སུའི་སྐམ་དམག་དཔུང་སྡེ་༨་པའི་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཧྥ་རོ་ལོབ་ཀྱི་ཚེ་སྲོག་ཤོར་སོང་ཞེས་ཨུ་རུ་སུའི་གཞུང་གིས་ངེས་གཏན་བྱས་ཤིང་། ཨུ་རུ་སུའི་གཞུང་གིས་དམག་སྤྱི་དང་དམག་དཔོན་མང་དག་ཅིག་ལ་སྲོག་སྐྱོན་བྱུང་བ་རྣམས་ངེས་གཏན་མ་བྱས་པར་གསང་རྒྱ་དམ་པོ་བྱ་རྒྱུ། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་འཆི་རྨས་བྱུང་བའི་གྲངས་འབོར་དེ་ཕྱིར་བསྒྲགས་བྱེད་མི་ཆོག་ཅེས་བཀག ཨུ་རུ་སུའི་ནང་ཁུལ་གྱི་གསར་འགྱུར་ལས་ཁུངས་ཁག་ཅིག་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་ཨུ་རུ་སུའི་དམག་མི་མང་དག་ཅིག་གི་ཕུང་པོ་རྣམས་མེ་སྲེག་བཏང་སྟེ་པུར་ཐལ་བླུགས་པའི་བུམ་པ་རེ་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོགས་ལ་སྤྲོད་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༥་པའི་ཚེས་༥་ཉིན་ཨ་རིའི་རྒྱལ་ཡོངས་རྒྱང་སྲིང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤་པའི་ཚེས་༡༤་ཉིན་མཚོ་ནག་མངའ་ཁུལ་དུ་ཨུ་རུ་སུའི་མཚོ་དམག་གི་གཙུག་རྒྱན་ལྟ་བུའི་དམག་གྲུ་མོ་སི་ཀ་བྷ་ཞེས་པ་དེར་ཡུཀ་རེན་གྱིས་མེ་ཤུགས་འཕུར་མདེལ་གཉིས་བརྒྱབ་ནས་མཚོ་ནང་དུ་བསྣུབས། དེ་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་ཡུཀ་རེན་ལ་ཨུ་རུ་སུའི་དམག་གྲུ་དེ་གང་དུ་ཡོད་མེད། ཡུཀ་རེན་གྱི་མཚོ་ཁ་ནས་རྒྱང་ཁད་རི་ཙམ་གྱི་མཚམས་སུ་ཨུ་རུ་སུའི་དམག་གྲུ་དེ་བཀག་ཡོད་མེད་ཀྱི་གནས་ཚུལ་རྣམས་མཁོ་སྤྲོད་བྱས་ནས་གཏོར་རྒོལ་བྱེད་དུ་བཅུག་པ་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམག་གྲུ་དེར་མཚོ་དམག་༥༡༠་ཡོད་པའི་ཁོངས་ནས་དམག་མི་༡༠༠་ལྷག་སྐྱོབ་ཐུབ་ཡོད་ཀྱང་དམག་མི་༤༠༠་ཡས་མས་ཤིག་མཚོ་ནང་དུ་ཐིམ་ནས་ཤི། ཨུ་རུ་སུའི་གཞུང་གིས་མོ་སི་ཁ་བྷ་དམག་གྲུའི་ནང་དུ་མེ་འབར་ནས་བཀད་ཐོར་སོང་བ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨུ་རུ་སུའི་དམག་གྲུ་ཆེན་པོ་དེ་འདྲ་ཞིག་མཚོ་ནང་དུ་ཐིམ་མ་མྱོང་ཞིང་། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱིས་ཨུ་རུ་སུའི་དམག་གྲུ་དེར་གཏོར་རྒོལ་བྱ་འཆར་ཡོད་པ་ཤེས་རྟོགས་བྱུང་མ་སོང་། ཨུ་རུ་སུའི་དམག་གྲུ་དེར་གཏོར་རྒོལ་བྱ་རྒྱུའི་ཐག་གཅོད་དེའི་མགོ་མཇུག་བར་གསུམ་དུ་ཨ་མི་རི་ཀ་འབྲེལ་བ་བ་ཅི་ཡང་མེད་ཅེས་དག་སྐྱེལ་བྱས་འདུག སྲིད་འཛིན་བྷ་ཌན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀས་ཡུཀ་རེན་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ཡོངས་གྲགས་བྱུང་ཚེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཁོང་ཁྲོ་ཆེན་པོ་བསླངས་ནས་དམག་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་སྲིད་པའི་འཛེམ་དོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་གཉིས་ཀྱིས་ང་ཚོའི་ཁྲིམས་ལུགས་སུ་ཨུ་རུ་སུའི་དམག་དཔོན་དང་མི་མང་དཀྱུས་མ་གསོད་པའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཆོག་གི་མ་རེད་ཅེས་རྒྱལ་ཡོངས་རྒྱང་སྲིང་ཁང་ལ་བཤད་འདུག

ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ལོག་པ་སྤེལ་བ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག ཨ་མི་རི་ཀས་ཡུཀ་རེན་ལ་འཕུར་མདེལ་དང་འབར་མདེལ། མདེའུ་དང་མེ་སྒྱོགས། དམག་འཁྲུག་གི་འགྲོ་གྲོན་རོགས་རམ། ཡུཀ་རེན་གྱི་དམག་ལ་འཐབ་ཇུས་སློབ་སྟོན་སོགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཐོང་གསལ་རེད། ཡུཀ་རེན་ལ་གསང་བའི་གནས་ཚུལ་སྤྲོད་ཀྱི་མེད་ཟེར་བ་ནི་ཁུངས་ལུང་མེད་པའི་སྐད་ཆ་ཞིག་དང་ཨ་མི་རི་ཀའི་མི་དམངས་རྣམས་གླེན་རྨོངས་ལ་རྩི་ཡི་ཡོད་པ་ཞིག་རེད། ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཝ་ཊི་སན་གྱིས་ཅི་ཞིག་ཟེར་གྱི་ཡོད་པ་རེད། སྲིད་གཞུང་གི་མགྲིན་ཚབ་པ་ཞིག་གིས་སྐད་ཆ་འདི་འདྲ་བཤད་ཀྱི་ཡོད་པ་ནི་དོན་དངོས་ལ་སྙོན་གྱི་ཡོད་པ་དང་མི་དམངས་ཀྱིས་ངེས་པར་དུ་བདེན་དོན་རྟོགས་དགོས། སྲིད་གཞུང་གི་ལས་སྣེ་ཚོའི་སྐད་ཆ་དེ་རྣམས་གད་མོ་འཆོར་དགོས་པ་ཞིག་རེད། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་མི་དམངས་ལ་བདེན་དོན་ཁྱབ་སྤེལ་དང་སྲིད་གཞུང་གི་ལྐོག་ཇུས་རྣམས་ཐེར་འདོན་བྱས་པར་བསྔགས་བརྗོད་ཡོད། ཨུ་རུ་སུའི་དམག་སྤྱི་༡༢་བསད་པ་རྣམས་སྟེས་དབང་གིས་ཤི་བ་རེད་དམ། ཁོ་ཚོར་རྐྱེན་ངན་བར་ཆད་བྱུང་བ་རེད་དམ། ཨ་མི་རི་ཀས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ནས་ཨུ་རུ་སུའི་དམག་སྤྱི་ཚོ་གསོད་དུ་འཇུག་གི་ཡོད་པ་གསལ་པོ་རེད། མི་ཞིག་གི་ཉལ་སའི་ནང་དུ་དུག་སྦྲུལ་འཛུལ་ཡོང་ན་དེའི་མགོ་བོ་གཅོད་དགོས་པ་མིན་ནམ། ལྐོག་མདའ་རྒྱག་མཁན་ཚོར་དམག་དཔོན་རྣམས་དམིགས་སུ་བཀར་ནས་གསོད་དགོས་པའི་བཀོད་ཁྱབ་བཏང་མེད་དམ། ད་སྔ་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༣༠་ཐམ་པའི་དམག་དོན་རོགས་རམ་སྤྲད་ཟིན་པ་རེད། ད་དུང་ཡང་ཡུཀ་རེན་ལ་དམག་དོན་རོགས་རམ་སྔར་ལས་མང་བ་ཞིག་སྤྲོད་རྒྱུའི་གྲོས་སྡུར་བྱེད་ཀྱི་འདུག དངུལ་སྒོར་དེ་རྣམས་ཨུ་རུ་སུའི་དམག་སྤྱི་ཚོ་དང་བཀོད་འདོམས་པ་རྣམས་གསོད་རྒྱུའི་ཆེད་དུ་འགྲོ་གྲོན་གཏོང་གི་ཡོད་པ་མིན་ནམ་ཞེས་དྲིས།།

ཕྱི་ཟླ་༤་པའི་ཚེས་༢༦་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་མེ་སྒྱོགས་དང་འཕུར་མདེལ་བརྒྱབ་ནས་ཡུཀ་རེན་གྱི་བརྡ་འཕྲིན་མ་ལག་རྣམས་རྩ་གཏོར་བཏང་ཟིན་པ་རེད། འོན་ཀྱང་ཡུཀ་རེན་གྱིས་དམག་དོན་དང་ཞི་བའི་མི་དམངས་ཀྱི་ཁ་པར་བརྡ་འཕྲིན་མཚམས་ཆད་ཀྱི་མི་འདུག ཨུ་རུ་སུའི་དམག་མི་ཚོས་ཕ་མ་དང་སྤུན་མཆེད། བཟའ་ཟླ་དང་གྲོགས་མོ་སོགས་ལ་ཁ་པར་བཏང་ནས་སྐད་ཆ་བཤད་ཀྱི་ཡོད་པར་ཡུཀ་རེན་གྱིས་ལྐོག་ཉན་བྱས་ནས་སྒྲ་འབེབས་བྱེད་ཀྱི་འདུག ཨུ་རུ་སུའི་བརྡ་འཕྲིན་མ་ལག་ནི་འཛམ་གླིང་གི་བརྡ་འཕྲིན་མ་ལག་རྩེ་ཕུད་ཀྱི་གྲས་སུ་ཚུད། ཡུཀ་རེན་གྱིས་ཨུ་རུ་སུའི་དམག་མི་ཚོས་ཅི་ཞིག་བཤད་ཀྱི་ཡོད་པ་རྣམས་སྒྲ་འབེབས་བྱས་ནས་དྲྭ་ལམ་དུ་བཀྲམ། ཡུཀ་རེན་ལ་འཕྲུལ་རིག་ལག་རྩལ་དེ་གང་ནས་ཐོབ་པ་རེད་ཅེས་དོགས་པ་བསླངས། ཨ་རིའི་གཞུང་དང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ངོས་ལེན་མ་བྱས་ཀྱང་སྲིད་འཛིན་ཛེ་ལན་སི་ཀི་དང་ཡུཀ་རེན་གྱི་དམག་དཔུང་། རྒྱལ་ཁབ་དེའི་མི་དམངས་བཅས་ལ་ཨ་མི་རི་ཀའི་བརྡ་འཕྲིན་མ་ལག་དང་འཕྲུལ་རིག་ལག་རྩལ་རོགས་རམ་བྱས་ནས་བརྡ་འཕྲིན་གྱི་འབྲེལ་ལམ་ཆད་ཀྱི་མེད་པ་ར་འཕྲོད་ཅེས་ཉམས་ཞིབ་པ་ཚོས་གླེང་། ཨུ་རུ་སུའི་དམག་གིས་སྒེར་གྱི་ལག་ཐོགས་ཁ་པར་རྣམས་དམག་ས་ཁག་ཏུ་ཁྱེར་ཡོང་ཡོད་པ་ཡུཀ་རེན་གྱིས་ཤེས་རྟོགས་བྱུང་སྟེ་ཨུ་རུ་སུའི་དམག་གི་ཁ་པར་རྣམས་ཡུཀ་རེན་གྱི་བརྡ་འཕྲིན་མ་ལག་ཁོངས་ནས་བཀག དེ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་མི་དམངས་ཀྱི་ཁ་པར་བཙན་འཕྲོག་བྱས་པ་རྣམས་བཀོལ་སྤྱོད་བྱས་ནས་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག གྲོགས་མོ་སོགས་ཁ་པར་གཏོང་དགོས་པ་ཞིག་ཏུ་གྱུར། དེར་བརྟེན་ཡུཀ་རེན་གྱིས་ཨུ་རུ་སུའི་དམག་མི་ཚོས་སྐད་ཆ་ཅི་ཞིག་བཤད་ཀྱི་ཡོད་པ་དང་དམག་འཁྲུག་ལ་ལྟ་ཚུལ་ཅི་ཞིག་འཛིན་གྱི་ཡོད་པ་བཅས་ལ་ལྐོག་ཉན་བྱས་ནས་སྒྲ་ཕབ། མཐར་ཨུ་རུ་སུའི་དམག་གིས་སྤྱོད་ངན་སྤེལ་གྱི་ཡོད་པའི་སྒྲ་འབེབས་རྣམས་འཛམ་གླིང་ཡོངས་སུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG