ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༠

ཨ་རིའི་གྲོས་ཚོགས་འོག་མས་གཞུང་གྲོན་ཆོག་མཆན་འགོད་ཐུབ་ཀྱི་མེད་པ།


༄༅།། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མེག་ཇཱོན་སན་གྱི་འགོ་ཁྲིད་འོག སྤྱི་མཐུན་ཚོགས་པའི་འཐུས་མི་ཚོ་གཞུང་གྲོན་ཆོག་མཆོན་འགོད་རྒྱུར་ཁ་མ་འཆམ་པར་སྲིད་གཞུང་སྒོ་རྒྱག་དགོས་ཐུག་སྲིད་པའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲོས་ཚོགས་འོག་མས་གཞུང་གྲོན་ཆོག་མཆན་འགོད་མ་ཐུབ་ན་ཟླ་བ་འདིའི་ཚེས་༡༧་ནས་ཨ་རིའི་གཞུང་ལ་འགྲོ་གྲོན་མེད་པར་སྲིད་གཞུང་གི་ལས་ཁུངས་ཁག་སྒོ་རྒྱག་དགོས་ཐུག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ཚོགས་གཙོ་གསར་པ་ཇཱོན་སན་གྱིས་དམངས་གཙོ་ཚོགས་པར་མཉམ་འབྲེལ་བྱས་ནས་གཞུང་གྲོན་ཆོག་མཆན་བཀོད་ན་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་ཚོགས་གཙོར་ངོ་རྒོལ་བྱས་ནས་གནས་དབྱུང་གཏོང་སྲིད། སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་གཞུང་གྲོན་ཆོག་མཆན་འགོད་ཕྱོགས་ལ་ལྟ་བ་མི་མཐུན་པའི་འགལ་ཟླ་ཡོད་པ་སེལ་མི་ཐུབ་པའི་མཚམས་སུ་བསླེབས། བདུན་ཕྲག་འདིར་ཚོགས་གཙོ་ཇཱོན་སན་གྱིས་དབུས་གཞུང་གི་དངུལ་རྩིས་ཀྱི་ཁྲིམས་འཆར་དེ་གྲོས་གཞིའི་ཁོངས་ནས་ཐེངས་གཉིས་ལ་ཕྱིར་འཐེན་བྱ་དགོས་བྱུང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མེག་ཇཱོན་སན་
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མེག་ཇཱོན་སན་

ད་ནས་ཕྱི་ཟླ་༡༡་པའི་ཚེས་༡༧་སླེབས་པར་ཉི་མ་༧་ལས་མེད་ཅིང་། ཨ་རིའི་གྲོས་ཚོགས་འོག་མས་ལོ་གཅིག་གི་གཞུང་གྲོན་ཆོག་མཆན་འགོད་རྒྱུར་གྲོས་སྡུར་གྱི་དུས་ཚོད་མེད་པ་དང་ཚོགས་གཙོ་གསར་པ་ཇཱོན་སན་གྱིས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་ལོ་མཇུག་བར་དུ་གཞུང་གྲོན་ཆོག་མཆན་འགོད་དགོས། དེ་ནས་གྲོས་ཚོགས་འཐུས་མི་ཚོར་ལོ་གཅིག་གི་གཞུང་གྲོན་ཆོག་མཆན་འགོད་ཕྱོགས་ལ་གྲོས་སྡུར་བྱེད་དུ་འཇུག་ཆོག་ཅེས་སྐུལ་ལྕག་གཏོང་མ་ཐུབ། ཨ་རིའི་གཞུང་གྲོན་ཁོངས་སུ་མེ་འཁོར་འགྲིམ་འགྲུལ་གྱི་གྱོང་གསབ་རོགས་དངུལ་གཅོད་དགོས་ཞེས་འཁོད་ཡོད་པར་བྱང་ཤར་མངའ་སྡེ་ཁག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ངོ་རྒོལ་བྱས་ནས་བཀག སྤྱི་མཐུན་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ་ཚོས་གཞུང་གྲོན་ཁོངས་སུ་མངལ་དབྱུང་འགྲོ་གྲོན་གཅོད་དགོས་ཞེས་ཁྲིམས་འཆར་བཏོན་པར་སྤྱི་མཐུན་ཚོགས་པའི་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་འཐུས་མི་ཚོས་ངོ་རྒོལ་བྱས་ནས་བཀག དེ་བཞིན་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་མེ་རི་ལན་ཌི་མངའ་སྡེར་སྤོར་ནས་ལས་ཁུངས་གསར་པ་རྒྱག་རྒྱུའི་འགྲོ་གྲོན་ཡང་ཆོག་མཆན་མ་བཀོད།།

ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱོན་དྷུར་ཐེས་
ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱོན་དྷུར་ཐེས་

བུད་མེད་ཀྱི་མངལ་དབྱུང་ཐོབ་ཐང་ནི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་དང་མི་དམངས། གྲོས་ཚོགས་འཐུས་མི་ལྟ་བ་མཁྲེགས་འཛིན་པ་དང་བཏང་སྙོམས་ཅན་རྣམས་ཀྱི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར། དཔེར་ན་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱོན་དྷུར་ཐེས་གཟའ་མིག་དམར་ཉིན་ཨ་རིའི་མངའ་སྡེ་འགའ་ཞིག་ལ་འོས་བསྡུ་བྱས་པ་རེད། བུད་མེད་ཀྱི་མངལ་དབྱུང་ཐོབ་ཐང་མེད་པར་གཏོང་དགོས་ཟེར་བའི་མངའ་སྡེ་ཁག་ཏུ་སྤྱི་མཐུན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་འདུག ཨ་མི་རི་ཀའི་མི་དམངས་ཀྱིས་སྐད་གསང་མཐོན་པོས་མངལ་དབྱུང་ཐོབ་ཐང་ལ་ཇུས་གཏོགས་བྱེད་མི་ཆོག་ཅེས་བརྡ་ཞིག་བ་རེད། ང་ཚོས་བུད་མེད་ཀྱི་མངལ་དབྱུང་ཐོབ་ཐང་འཕྲོག་མི་ཉན་ཞེས་གཏམ་བཤད་བྱས་འདུག ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་གསར་པ་རྒྱག་རྒྱུའི་འགྲོ་གྲོན་འགོག་མཁན་ནི་ཧྥུ་ལོ་རི་ཌ་མངའ་སྡེའི་འཐུས་མི་མཱེ་ཊི་གྷ་ཛི་དང་ཨོ་ཧ་ཡོ་མངའ་སྡེའི་འཐུས་མི་ཇིམ་འཇོར་ཌན་གཉིས་ཡིན་འདུག ཁོ་ཚོས་ཨ་མི་རི་ཀའི་མི་དམངས་ཀྱི་མངོན་འདོད་གསལ་པོ་རེད། དབུས་ཞིབ་གཅོད་ལས་ཁུངས་གསར་པ་ཞིག་འཛུགས་སྐྲུན་བྱེད་དགོས་དོན་མི་འདུག་ཅེས་དགག་པ་བརྒྱབ།།

ཧྥུ་ལོ་རི་ཌ་མངའ་སྡེའི་འཐུས་མི་མཱེ་ཊི་གྷ་ཛི་དང་ཨོ་ཧ་ཡོ་མངའ་སྡེའི་འཐུས་མི་ཇིམ་འཇོར་ཌན་
ཧྥུ་ལོ་རི་ཌ་མངའ་སྡེའི་འཐུས་མི་མཱེ་ཊི་གྷ་ཛི་དང་ཨོ་ཧ་ཡོ་མངའ་སྡེའི་འཐུས་མི་ཇིམ་འཇོར་ཌན་

ནེ་བྷ་ར་སི་ཀ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཌོན་བྷེ་ཀོན་གྱིས་དབུས་ཞིབ་གཅོད་ལས་ཁུངས་གསར་པ་རྒྱག་རྒྱུའི་ཐག་གཅོད་བྱས་པར་མ་དགའ་ཡང་སྡུག་གྱོང་རེད། ཁྱེད་ཚོས་བྱས་ཉེས་ཐམས་ཅད་དབུས་ཞིབ་གཅོད་ལས་ཁུངས་ཀྱི་འགན་འཛིན་དང་དབུས་སྤྱི་ཁྱབ་ཁྲིམས་འཛིན་པའི་སྟེང་དུ་འགེལ་གྱི་ཡོད་པ་རེད་ཅེས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་དང་དབུས་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཞིབ་འཇུག་བྱས་པར་རྒྱབ་སྐྱོར་བྱས་འདུག ཇིམ་འཇོར་ཌན་སོགས་སྤྱི་མཐུན་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ་དང་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་དབུས་ཞིབ་གཅོད་ལས་ཁུངས་དང་དབུས་ཁྲིམས་འཛིན་ལྷན་ཁང་གིས་ཌོ་ནལ་ཊམ་ལ་ཞིབ་འཇུག་བྱས་པར་ངོ་རྒོལ་བྱས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་ཚོགས་གཙོ་ཇཱོན་སན་གྱིས་གཞུང་གྲོན་འཆར་གཞི་ཞིག་མྱུར་དུ་གྲོས་ཚོགས་སུ་མཚམས་སྦྱོར་བྱ་རྒྱུའི་རེ་ལྟོས་འཆང་གི་ཡོད་མོད། འོན་ཀྱང་ཚོགས་གཙོ་ཇཱོན་སན་ལ་འཆར་གཞི་གསར་པ་དང་སྲིད་གཞུང་སྒོ་རྒྱག་མི་དགོས་པའི་ཐབས་ལམ་ཅི་ཡོད་གསལ་ཁ་མ་ཐོན།།

ཁེ་ཝིན་མར་ཁ
ཁེ་ཝིན་མར་ཁ

ཟླ་བ་སྔོན་མར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཁེ་ཝིན་མར་ཁ་ཐིས་དམངས་གཙོ་ཚོགས་པའི་འཐུས་མི་ཚོར་མཉམ་འབྲེལ་བྱས་ནས་ཉི་མ་༤༥་ཡི་གཞུང་གྲོན་ཞིག་ཆོག་མཆན་བཀོད། དེར་བརྟེན་ཕྱི་ཟླ་༡༠་པའི་ཚེས་༣་ཉིན་ཧྥུ་ལོ་རི་ཌ་མངའ་སྡེའི་འཐུས་མི་མཱེ་ཊི་གྷ་ཛིས་འགོ་ཁྲིད་ནས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཚོགས་གཙོ་མར་ཁ་ཐི་གོ་གནས་ནས་ཕྱུང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཚོགས་གཙོ་གསར་པ་ཞིག་བསྐོ་མ་ཐུབ་པར་བདུན་ཕྲག་གསུམ་འགོར། ཨ་རིའི་རྒྱལ་ཡོངས་སུ་སྤྱི་མཐུན་ཚོགས་པ་རྒྱལ་ཁབ་དང་མི་དམངས་ལ་སྲི་ཞུ་སྒྲུབ་པའི་སྲིད་དོན་ཚོགས་པ་ཞིག་མ་རེད་ཅེས་ལྟ་ཚུལ་ཧ་ཅང་ངན་པ་བྱུང་། ཚོགས་གཙོ་གསར་པ་ཇཱོན་སན་གྱིས་དམངས་གཙོ་ཚོགས་པར་མཉམ་འབྲེལ་བྱས་ནས་གནས་སྐབས་ཀྱི་གཞུང་གྲོན་ཞིག་ཆོག་མཆན་བཀོད་ཀྱང་གནས་དབྱུང་གཏོང་རྒྱུའི་ཉེན་ཁ་ཆུང་། ཅིའི་ཕྱིར་ཞེ་ན་ཊེ་ཎི་སིའི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཊིམ་བྷུར་ཆེ་ཊ་ཡིས་ཚོགས་གཙོ་གནས་དབྱུང་གཏོང་རྒྱུའི་གྲོས་སྡུར་བྱེད་ཀྱི་མེད་ཅེས་བཤད། ཁོ་པས་ཚོགས་གཙོ་ཟུར་པ་མར་ཁ་ཐི་གནས་དབྱུང་གཏོང་དགོས་པའི་འོས་ཤོག་འཕངས།།

དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧ་ཀིམ་ཇཱེ་ཧྥུ་རི་སིས་
དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧ་ཀིམ་ཇཱེ་ཧྥུ་རི་སིས་

ཕྱི་ཟླ་༡༡་པའི་ཚེས་༩་ཉིན་ཝ་ཤིང་ཊོན་བརྟག་དཔྱད་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་སྤྱི་མཐུན་ཚོགས་པས་གཞུང་གྲོན་ཆོག་མཆན་མ་བཀོད་པར་སྲིད་གཞུང་སྒོ་རྒྱག་རྩིས་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། སྤྱི་མཐུན་ཚོགས་པས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་དོན་ལ་བསམས་ནས་དམངས་གཙོ་ཚོགས་པར་མཉམ་འབྲེལ་བྱེད་ཚེ། དམངས་གཙོ་ཚོགས་པས་སྲིད་གཞུང་སྒོ་རྒྱག་མི་དགོས་པ་དང་གཞུང་གྲོན་ཆོག་མཆན་འགོད་ཐུབ་པའི་རྒྱབ་སྐྱོར་བྱ་རྒྱུའི་གྲ་སྒྲིག་ཡོད། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གནས་ལུགས་དང་མཐུན་པའི་གཞུང་གྲོན་ཁྲིམས་འཆར་ཞིག་འདོན་དགོས་ཞེས་བསྐུལ། དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧ་ཀིམ་ཇཱེ་ཧྥུ་རི་སིས་སྤྱི་མཐུན་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ་ཚོས་མཐའ་ལྷུང་གི་དགོས་འདུན་ཞིག་འདོན་གྱི་ཡོད་པར་མོས་མཐུན་བྱ་ཐབས་བྲལ། སྤྱི་མཐུན་ཚོགས་པའི་འཐུས་མི་ཉུང་ཤས་ཤིག་གི་འགོག་རྐྱེན་ལ་བརྟེན་ཨ་རིའི་སྲིད་གཞུང་སླར་ཡང་སྒོ་རྒྱག་དགོས་ཐུག་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་འདུག་ཅེས་སྐྱོན་བཙུགས།།

དམངས་གཙོ་ཚོགས་པའི་འགོ་ཁྲིད་གཞོན་པ་ཊེ་ཌི་ལིའུ་ཡིས་ང་ཚོ་གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ལྷུང་དགོས་པ་ནི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཚོགས་གཙོ་གནས་དབྱུང་བཏང་སྟེ་ཚོགས་གཙོ་གསར་པ་བདམས་མ་ཐུབ་པར་བདུན་ཕྲག་༣་ལུས་པས་རེད། སྤྱི་མཐུན་ཚོགས་པས་ལས་དོན་དལ་འགོར་བཏང་བ་དང་དཀའ་ངལ་འདི་སྤྱི་མཐུན་ཚོགས་པས་སེལ་དགོས། ཁོ་ཚོས་སྒེར་གྱི་ཁེ་ཕན་གཙིགས་སུ་བཟུང་ནས་ཨ་མི་རི་ཀའི་མི་དམངས་ལ་སྲི་ཞུ་བསྒྲུབ་རྒྱུ་འཐུས་ཤོར་མི་གཏོང་བ་དང་རྒྱུན་འཁྱོངས་གཞུང་གྲོན་གཙང་མའི་ཁྲིམས་འཆར་ཞིག་འདོན་ཐུབ་པའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུས། ལོ་རྗེས་མར་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་བསྡུ་བྱེད་ཀྱི་ཡོད་པས་དམངས་གཙོ་ཚོགས་པས་ལྷག་བསམ་རྣམ་དག་གིས་སྤྱི་མཐུན་ཚོགས་པར་མཉམ་འབྲེལ་བྱས་ནས་གཞུང་གྲོན་ཆོག་འགོད་ཐུབ་པའི་འབད་བརྩོན་བྱེད་ཀྱི་མེད་པར་མ་ཟད། གྲོས་ཚོགས་འོག་མའི་ཚོགས་གཙོ་མེ་ཁར་ཐི་གནས་དབྱུང་བཏང་བའི་དུས་སུ་དམངས་གཙོ་ཚོགས་པའི་འཐུས་མི་ཚང་མས་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ཡོད་པའི་གནས་ཚུལ་ཐོན་འདུག

གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གི་འགོ་ཁྲིད་ཆག་ཤུ་མར་
གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གི་འགོ་ཁྲིད་ཆག་ཤུ་མར་

ཕྱི་ཟླ་༡༡་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འོག་མའི་འཐུས་མི་ཚོས་སྤྱི་དོན་ཞིག་སྒྲུབ་ན་ཅི་མ་རུང་། གཞུང་གྲོན་ཆོག་མཆན་མ་བཀོད་པར་སྲིད་གཞུང་སྒོ་རྒྱག་རྒྱུའི་གཡོ་སྒྱུ་འཁྲབ་ཀྱི་ཡོད་པ་ནི་ཉེན་ཚབས་ཆེན་པོ་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གི་འགོ་ཁྲིད་ཆག་ཤུ་མར་གྱིས་སྲིད་གཞུང་སྒོ་རྒྱག་མི་དགོས་པའི་ཐབས་སུ་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་གཞུང་གྲོན་གྲོས་ཆོད་བཞག ཡིན་ནའང་གྲོས་ཚོགས་གོང་མའི་གཞུང་གྲོན་གྲོས་ཆོད་དེར་གྲོས་ཚོགས་འོག་མ་འཐད་རྒྱུ་ཡིན་མིན་བཤད་དཀའ། གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་སན་ལ་སྤྱི་མཐུན་ཚོགས་པའི་འཐུས་མི་༤་ཡིས་རྒྱབ་སྐྱོར་མ་བྱས་ན་ལས་དོན་བསྒྲུབ་མི་ཐུབ་པར་འགྱུར། དེང་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་༢༡༢་དང་སྤྱི་མཐུན་ཚོགས་པར་འཐུས་མི་༢༢༡་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG