ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྲིམས་འཛིན་ལྷན་ཁང་སྔོན་མས་གྲོས་ཚོགས་སོགས་ཀྱི་ཁ་པར་ལ་ཞིབ་བཤེར།


༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་འཛིན་ལྷན་ཁང་གིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་དང་དེ་དག་གི་ལས་བྱེད་པ། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་དང་ནེའུ་ཡོཀ་དུས་བབ་ཚགས་པར། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པ། ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཟུར་པ་ཌོན་མཱེ་གྷན་དང་བཟའ་ཟླ་བཅས་ཀྱི་ཁ་པར་ཨང་གྲངས་དང་གཞི་གྲངསར་རྣམས་སྤྲོད་དགོས་ཞེས་ཀུ་ཤུ་ཁ་པར་བཟོ་ཚོང་ལ་བཙན་བཏང་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་གྲོས་ཚོགས་འོག་མས་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་ཇཱེ་ཧྥུ་སེ་ཤེན་དང་བྷིལ་བྷར་གཉིས་གྲོས་ཚོགས་སུ་འབོད་འགུགས་བྱས་ནས་འདྲི་ཞིབ་བྱ་རྒྱུ་ཞེས་བསྒྲགས། ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་ལས་ཐོག་གྷར་ལཱན་ཌེས་ཁྲིམས་འཛིན་ལྷན་ཁང་གི་ནང་ཁུལ་དུ་ཞིབ་འཇུག་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་རྒྱལ་ནང་བདེ་འཇགས་ཚན་པའི་སྤྱི་ཁྱབ་ཁྲིམས་འཛིན་ལས་རོགས་ཏེ། ཌོ་ནལ་ཊམ་གྱི་དུས་སུ་བསྐོ་བཞག་བྱུང་བའི་ཁྲིམས་འཛིན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཇཱོན་ཌེ་མཱེར་སི་རང་གི་ལས་གནས་ནས་རྩ་དགོངས་ཞུས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་འཛིན་ལྷན་ཁང་གིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཕོ་བྲང་དཀར་པོའི་ལས་སྣེ་ཁག་ཅིག་གིས་གསར་འགོད་པ་ཚོར་ལྐོག་ཏུ་འབྲེལ་བ་བྱས་ནས་གསང་བའི་གནས་ཚུལ་ཅི་ཞིག་སྤྲོད་ཀྱི་ཡོད་མེད། ཁོ་ཚོས་གསར་འགོད་པ་ཚོར་སྲིད་གཞུང་ནང་ཁུལ་གྱི་འགལ་ཟླ་ཁག་ཕྱིར་བསྒྲགས་ཇི་ལྟར་བྱེད་ཀྱི་ཡོད་མེད་རྣམས་རྩད་གཅོད་བྱ་དགོས་ཞེས་བཀའ་བཏང་ཡོད་སྲིད་པའི་གནས་ཚུལ་ཐོན་འདུག

དེ་རིང་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༨་ལོའི་ཕྱི་ཟླ་༢་པའི་ནང་དུ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ལྐོག་ཏུ་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་ལ་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཌོན་མཱེ་གྷན་དང་ཁོ་པའི་ཆུང་མ་གཉིས་ཀྱི་ཁ་པར་ཨང་གྲངས་ཀྱི་ཐོ་ཁྲ་རྣམས་ཁྲིམས་འཛིན་ལྷན་ཁང་ལ་སྤྲོད་དགོས། ཁྲིམས་འཛིན་ལྷན་ཁང་གིས་ཁ་པར་ཨང་གྲངས་དང་གཞི་གྲངས་རྣམས་བསྡུ་རུབ་བྱེད་ཀྱི་ཡོད་པ་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་གིས་དོ་བདག་སོ་སོར་བཤད་མི་ཆོག་ཅེས་བཙན་བཀའ་བཏང་ནས་ཁ་བཀག ཟླ་བ་སྔོན་མར་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་གིས་ཌོན་མཱེ་གྷན་ཁྱོ་ཤུག་གཉིས་ཀྱི་ཁ་པར་ཐོ་ཁྲ་རྣམས་ཁྲིམས་འཛིན་ལྷན་ཁང་གིས་བཙན་ཁྱེར་བྱས་སོང་ཞེས་དོ་བདག་ལ་བཤད། བདུན་ཕྲག་སྔོན་མར་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་གསང་བའི་ལས་དོན་ཚོགས་ཆུང་གི་ཚོགས་མི་ཨེ་ཌམ་ཤེབ་དང་ཨེ་རིཀ་སི་ཝལ་ཝེལ་གཉིས་ཀྱི་ཁ་པར་ཨང་གྲངས། ཁོ་ཚོའི་ལས་བྱེད་པ་ཁག་ཅིག་གི་ཁ་པར་གྱི་ཐོ་ཁྲ་རྣམས་ཀྱང་ཌོ་ནལ་ཊམ་གྱི་ཁྲིམས་འཛིན་ལྷན་ཁང་གིས་བསྡུ་རུབ་བྱས་པ་ཤེས་རྟོགས་བྱུང་ཞིང་། ཨེ་ཌམ་ཤེབ་དང་སི་ཝལ་ཝེལ་གཉིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོའི་གྲས་སུ་འདུས། གྲོས་ཚོགས་འོག་མའི་ཁྲིམས་འཛིན་ཚོགས་ཆུང་གིས་༢༠༡༦་ལོའི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་དུས་སུ་ཌོ་ནལ་ཊམ་དང་ཨུ་རུ་སུའི་གཞུང་གཉིས་འབྲེལ་བ་བྱུང་ཡོད་མེད་ཞིབ་འཇུག་བྱས་ཤིང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་གསང་བའི་གནས་ཚུལ་རྣམས་གསར་འགོད་པ་ཚོས་ཤེས་རྟོགས་ཐུབ་ཀྱི་ཡོད་པར་ཁྲིམས་འཛིན་ལྷན་ཁང་གིས་རྩད་གཅོད་བྱས་ནས་དོགས་ཡོད་མི་སྣ་ཁག་གི་ཁ་པར་ཨང་གྲངས་རྣམས་ལྐོག་ཏུ་བསྡུ་རུབ་བྱས་མོད། འོན་ཀྱང་ཨ་རིའི་གྲོས་ཚོགས་འོག་མའི་གསང་བའི་ལས་དོན་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་གསར་འགོད་པར་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་དཔང་རྟགས་རྙེད་མེད་པ་རེད།།

ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་འཛིན་ཚོགས་ཆུང་གི་ཚོགས་གཙོ་ནེ་ཌི་ལེར་གྱིས་བཤད་པ་ལྟར་ན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་ཚོར་ཁྲིམས་འགལ་གྱི་ཉེས་དོན་འདྲ་མིན་ཞིག་ལ་ལན་ཁག་དཀྲི་རུ་བཅུག་སྟེ་ཆབ་སྲིད་ཀྱི་དགྲ་བོ་རེད་བསམས་དེ་དག་ལ་མྱུལ་ཞིབ་བྱེད་དུ་བཅུག་འདུག ཉེ་ཆར་ཕྱིར་བསྒྲགས་བྱུང་བའི་གནས་ཚུལ་དེའི་ཁོངས་སུ་གྲོས་ཚོགས་འཐུས་མི་ཁག་དང་གསར་འགོད་པ། སྲིད་འཛིན་ཌོ་ནལ་ཊམ་རང་གི་ཕོ་བྲང་དཀར་པོའི་སློབ་སྟོན་པ་སོགས་ཚུད་འདུག ཁོ་ཚོ་ཕན་ཚུན་འབྲེལ་བ་མེད་ཀྱང་ཌོ་ནལ་ཊམ་གྱི་ཁྲིམས་འཛིན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་དགོངས་དོན་དང་སྲིད་དབང་ཆ་བགོ་བཅས་ལ་འགལ་འཛོལ་ཚབས་ཆེན་བྱས་འདུག དེས་ན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་འཛིན་ཚོགས་ཆུང་གིས་གནད་དོན་དེར་འདྲི་ཞིབ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། དེ་ནས་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཀྱང་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་གཉིས་ལ་འདྲི་ཞིབ་བྱ་དགོས་གྲོས་མགོ་བཏོན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་སྤྱི་ཁྱབ་ཁྲིམས་འཛིན་ཟུར་པ་གཉིས་ལ་འདྲི་ཞིབ་བྱ་དགོས་ཟེར་གྱི་ཡོད་པ་རེད། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་རྟོག་ཞིབ་པས་གནད་དོན་འདིར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དེས་འགྲིག་གི་འདུག་ཅེས་དགག་པ་བརྒྱབ། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་ཨང་གཉིས་པ་ཇཱོན་ཐུན་གྱིས་གནད་དོན་དེར་ཞིབ་འཇུག་བྱེད་དགོས། ད་ལྟ་སྐྱོན་འཛུགས་འཕོག་གི་ཡོད་པ་དེ་ཚོར་ཞིབ་འཇུག་གཟབ་ནན་ཞིག་བྱ་དགོས་ཞེས་ལངས་ཕྱོགས་ཐ་དད་ཅིག་བཟུང་།།

ཁ་སང་གཟའ་ཟླ་བར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པས་སྲིད་གཞུང་སྔོན་མའི་དུས་སུ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་དེ་དག་གི་ལས་བྱེད་པ། གསར་འགོད་པ་སོགས་ཀྱི་ཁ་པར་གྱི་ཨ་གྲངས་དང་གཞི་གྲངས་རྣམས་བཙན་འཕྲོག་བྱས་པར་ཞིབ་འཇུག་བྱ་རྒྱུ་ཡིན། ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་རྟོག་ཞིབ་པས་ཞིབ་འཇུག་བྱས་ནས་དོགས་པ་སེལ་དགོས་པ་རྣམས་སེལ་རྒྱུ་ཡིན། ང་ཚོས་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་ཡང་དག་རྙེད་ན་དེ་ལ་འཕྲལ་དུ་ཞིབ་འཇུག་བྱ་རྒྱུ་དེར་འཛེམ་ཟོན་མེད། ངས་སྤྱི་ཁྱབ་ཁྲིམས་འཛིན་གཞོན་པ་ལི་ས་མ་ན་ཁོ་ལ་ལྷན་ཁང་ནང་ཁུལ་དུ་ལས་དོན་སྒྲུབ་ཕྱོགས་ལ་ལེགས་བཅོས་གཏོང་དགོས་པ་ཅི་ཡོད། གྲོས་ཚོགས་ཀྱི་ལས་སྣེ་ཚོར་ལྟ་རྟོག་བྱེད་ཕྱོགས་བཅས་ལ་འགྱུར་བཅོས་ཅི་ཞིག་གཏོང་དགོས་མིན་ཞིབ་འཇུག་བྱེད་དུ་བཅུག་ཡོད་ཅེས་བཤད་པར་མ་ཟད། སྤྱི་ཁྱབ་ཁྲིམས་འཛིན་པ་གྷར་ལཱན་ཌེས་ནེའུ་ཡོཀ་དུས་བབ་ཚགས་པར་དང་སི་ཨེན་ཨེན་གསར་འགྱུར་ལས་ཁང་། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་བཅས་ཀྱི་འགོ་ཁྲིད་ཚོར་ཐུག་སྟེ་ང་ཚོས་སྔོན་ནས་ཁྱབ་བསྒྲགས་བྱས་པ་ལྟར་གསར་འགོད་པ་ཚོས་རང་གི་ཆེད་ལས་སྒྲུབ་པའི་དུས་སུ་གསར་འགྱུར་གྱི་འབྱུང་ཁུངས་སུ་ལ་ཐུག་ཡོད་མེད། ཁོ་ཚོས་སུ་ལ་འབྲེལ་བ་བྱེད་ཀྱི་ཡོད་མེད་སོགས་ཀྱི་གཞི་གྲངས་རྣམས་བཙན་འཕྲོག་བྱས་ནས་རྩད་གཅོད་བྱེད་ཀྱི་མེད་ཅེས་བཤད། གསར་འགྱུར་ལས་ཁང་ཁག་གི་འགོ་ཁྲིད་ཚོ་དང་སྤྱི་ཁྱིབ་ཁྲིམས་འཛིན་པ་རྣམས་སྒྲིག་ཁྲིམས་གསར་པ་དང་སྲིད་ཇུས་གསར་པ་གཏན་འབེབས་བྱེད་ཕྱོགས་སུ་གྲོས་སྡུར་ལྷུག་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་དཔར་སྐྲུན་པ་ཧྥ་རེ་ཌི་ར་ཡན་གྱིས་གསར་འགོད་པ་ཚོར་གསང་བའི་གནས་ཚུལ་གང་ནས་རག་གི་ཡོད་པའི་འབྱུང་ཁུངས་ལ་རྩད་གཅོད་བྱེད་པར་ཁ་པར་ཨང་གྲངས་དང་གཞི་གྲངས་སོགས་བཙན་འཕྲོག་མི་བྱེད་པའི་སྲིད་ཇུས་གསར་པ་དེར་དགའ་བསུ་ཡོད། འོན་ཀྱང་སྒྲིག་ཁྲིམས་དང་སྲིད་ཇུས་གསར་པ་དེ་དག་ཡུན་གནས་ཐུབ་པའི་ཁག་ཐེག་བྱ་དགོས། གསར་འགྱུར་ལས་ཁང་ཁག་གི་ཁ་པར་ཨང་གྲངས་དང་ཁ་པར་གྱི་གཞི་གྲངས་རྣམས་ལྐོག་ཏུ་བཙན་འཕྲོག་བྱུང་བ་དེར་ཡོངས་གྲགས་སུ་ཞིབ་འཇུག་བྱས་ནས་འགན་འཁྲི་ལེན་དུ་འཇུག་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཛིན་ཚོགས་ཆུང་གི་འཐུས་མི་མཱི་ཆི་མེ་ཁ་ནོལ་དང་ཇཱོན་ཁོར་ཎི་གཉིས་ཀྱིས་རྩོད་གཞི་དེ་ཁྲིམས་ཁང་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད། ང་ཚོས་དེ་ལ་ཞིབ་འཇུག་བྱེད་དགོས་དོན་མི་འདུག་ཅེས་དགག་པ་བརྒྱབ་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཁྲིམས་འཛིན་ཚོགས་ཆུང་གི་ཚོགས་མི་མང་ཆེ་བས་གནས་ཚུལ་ཆ་ཚང་དང་ཞིབ་ཕྲ་ཞིག་ཤེས་རྟོགས་ཐུབ་མ་སོང་། དེར་བརྟེན་གྲོས་ཚོགས་གོང་མས་གནད་དོན་དེར་ཞིབ་འཇུག་བྱེད་དགོས་མིན་བཤད་ཁག་པོ་འདུག་ཅེས་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པར་ལན་བཏབ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མང་དག་ཅིག་ལོ་རྗེས་མར་བསྐྱར་དུ་འོས་འདེམས་ལ་ལང་དགོས་པས་ཌོ་ནལ་ཊམ་ལ་ཕོག་ཐུག་གཏོང་མི་ཕོད། ཨ་མི་རི་ཀའི་གྲོང་གསེབ་ཁག་ཏུ་མི་རིགས་དཀར་པོ་མཆོག་འཛིན་པ་ཚོས་སྔར་བཞིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་དང་ཌོ་ནལ་ཊམ་གྱི་རྫུན་སྒྲོགས་ལ་རྒྱབ་སྐྱོར། དྲང་བདེན་དང་ཁྲིམས་སྐྱོང་ལམ་ལུགས། དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་ཌོ་ནལ་ཊམ་གྱིས་རྒྱབ་སྐྱོར་བྱེད་མི་དགོས་ཞེས་མང་ཚོགས་ལ་སྐུལ་སློང་བྱས་ནས་མདུན་ལམ་མེད་པར་གཏོང་གི་ཡོད་པ་རེད།།

XS
SM
MD
LG