ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ཨ་རིའི་སྡང་དགྲ་ཞིག་ཡིན་པ་ངོས་ཟིན་མེད་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཧ་ཚིན་ཉམས་ཞིབ་ཁང་གི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་ཕྱི་སྲིད་དྲུང་ཆེ་མེཀ་ཕམ་ཕིའོ་ཡིས་རྒྱ་ནག་མི་དམངས་ལ་བསྔགས་བརྗོད་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས་པའི་གཏམ་བཤད་ཅིག་བྱས་འདུག ཕྱི་སྲིད་དྲུང་ཆེ་མེཀ་ཕམ་ཕིའོ་ཡིས་ཨ་མི་རི་ཀའི་བདེ་འཇགས་སྲིད་ཇུས་ལས་དོན་ལ་འགོ་ཁྲིད་བྱས་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་རྒྱུན་འཁྱོངས་བྱ་དགོས་པའི་ཤུགས་སྣོན་བརྒྱབ་པར་ཧ་ཚིན་ཉམས་ཞིབ་ཁང་གིས་གཟེངས་རྟགས་ཤིག་ཕུལ་འདུག ཁོང་གིས་ཨ་མི་རི་ཀའི་སྲིད་གཞུང་ཁག་གིས་རྒྱ་ནག་ཉེན་ཀ་ཆེན་པོ་ཅི་ཙམ་ཡིན་པ་ངོས་མ་ཟིན་པར་ལོ་༢༠་ལྷག་འགོར་ཡོད་པ་དང་ང་ཚོས་ཨ་མི་རི་ཀའི་ལྟ་གྲུབ་ཀྱི་རིན་ཐང་དང་ནུབ་ཕྱོགས་པའི་དམངས་གཙོའི་ལམ་ལུགས། བདེ་འཇགས་དང་ཐུན་མོང་གི་ཁེ་ཕན་རྣམས་བློས་བཏང་ནས་ལོ་བཅུ་ཕྲག་མང་པོར་རྒྱ་ནག་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱས་པ་ཡིན། དམར་ཤོག་རིང་ལུགས་ནི་མར་ཁེ་སི་དང་ལེ་ནིན་གྱི་ལྟ་གྲུབ་གཞི་རྩར་བཟུང་སྟེ་འཛམ་གླིང་དབང་དུ་བསྡུ་རྒྱུ་དང་འཐབ་རྩོད་ལ་དམིགས་པ་གཏོད་པ། མི་དམངས་ཀྱིས་དམར་ཤོག་གི་འགོ་ཁྲིད་ཚོའི་བཀའ་ལ་མཉན་དགོས་པའི་ལམ་ལུགས་ཤིག་རེད་ཅེས་བཤད།

ཨ་རིའི་ཕྱི་སྲིད་དྲུང་ཆེའི་གཏམ་བཤད་ཀྱི་བརྗོད་གཞི་དེ་ཉིད་རྒྱ་ནག་ལ་གདོང་ལེན་དང་ལྟ་གྲུབ་ཀྱི་འགྲན་རྩོད་བྱས་པ་ཞིག་ཡིན་ཞིང་། ཁོ་པས་རྒྱ་ནག་གཞུང་གིས་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་སྟངས་དང་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་ལེགས་སྒྱུར། རྒྱ་ནག་གིས་རང་གི་དཔལ་འབྱོར་སྟོབས་ཤུགས་བཀོལ་ནས་རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་ཤུགས་རྐྱེན་ཐེབས་ཐབས་དང་ཕ་རོལ་པོར་འཁྱོག་བརྗོད། རྒྱ་ནག་གི་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་གི་འདུག ང་རྒྱ་ནག་འཕེལ་རྒྱས་སོང་ན་དགའ་མོས་ཡོད། འོན་ཀྱང་རྒྱ་ནག་ཕྱི་གསལ་ནང་གསལ་གྱི་འགྲན་སྡུར་ལ་མཉམ་ཞུགས་དང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་རྩ་འཛིན་བྱ་དགོས། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཚོང་དོན་གྲོས་མོལ་གྱི་རིམ་པ་དང་པོ་དེར་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད། ང་ཚོས་ལས་དོན་མཉམ་སྒྲུབ་བྱེད་ཐུབ་པའི་ཁོར་ཡུག་ཅིག་རྙེད་ན་དགེ་མཚན་ཆེ། ང་ཚོས་ལས་དོན་དེ་མ་ནོར་བ་ཞིག་བསྒྲུབ་ཐུབ་རྒྱུའི་གཟབ་ནན་བྱེད་བཞིན་ཡོད། ངས་བལྟས་ན་རྒྱ་ནག་དང་ཨ་མི་རི་ཀར་ཐུན་མོང་གི་རྨང་གཞི་ཞིག་འདུག སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ངལ་བ་ཁྱད་དུ་བསད་ནས་ཨ་མི་རི་ཀའི་ཁེ་ཕན་དོན་དུ་གཉེར་བཞིན་ཡོད་ཅེས་བཤད།

ཨ་རིའི་ཕྱི་སྲིད་དྲུང་ཆེས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འགལ་ཟླ་མང་པོ་ཞིག་གི་འབྱུང་རྩ་རྒྱ་ནག་ལ་ཐུག་ཡོད། རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀྱི་འབྲེལ་བར་འཁྱོག་བརྗོད་བྱས་པ་དང་ལོག་འགྲེལ། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་ཁེ་ཕན་སྒྲུབ་པའི་ལས་འགུལ་སྤེལ་མཁན་ཚོགས་པ་ཁག་གིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་སྣང་ཆུང་བཏང་བ། རྒྱ་ནག་གཞུང་དང་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཀུན་སློང་དང་ཨ་རིའི་སྲིད་ཇུས་ལ་ལོག་བཤད་འབའ་ཞིག་བྱེད་ཀྱི་འདུག ཁོ་ཚོས་ཨ་མི་རི་ཀར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕིང་ལ་ལྟ་ཚུལ་ཅི་ཞིག་ཡོད་པར་འཁྱོག་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་ཐབས་ལམ་བརྒྱུད་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ལྟ་གྲུབ་དང་སྲིད་ཇུས་ལ་བཙན་བསྟུན་བྱེད་དུ་འཇུག་གི་ཡོད་ཅིང་། དཔེར་ན་ཨ་མི་རི་ཀའི་རྒྱལ་ཡོངས་ལག་རྩེད་ལྒང་ལིའི་མཐུན་ཚོགས་ཀྱི་རུ་ཁག་ཅིག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ལག་རྩེད་ལྒང་ལིའི་རྩེད་རིགས་འགྲན་བསྡུར་རྒྱ་ནག་ལ་སྟོན་རྒྱུ་མིན། དེའི་ལས་རྟགས་ཅན་གྱི་ཅ་ལག་རྣམས་ཀྱང་རྒྱ་ནག་ལ་ཚོང་འགྲེམ་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་རང་ཡུལ་དུ་གང་བྱེད་ཡིན་རུང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་བསྟུན་མཁས་བྱེད་དགོས་དོན་མེད། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་ལྟ་ཚུལ་བརྗོད་ཆོག་པའི་རང་དབང་སྤྲོད་དགོས། ཁོ་ཚོའི་སྨྲ་བརྗོད་རང་དབང་བཀག་པར་ནམ་ཡང་མོས་མཐུན་བྱེད་ཐུབ་ཐབས་མེད་ཅེས་སྐྱོན་བརྗོད་བྱས་འདུག

ཧ་ཚིན་ཉམས་ཞིབ་ཁང་གི་བགྲོ་གླེང་དུས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ། རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཀ་དང་ལྷོ་ཨེ་ཤི་ཡ་སོགས་རྒྱལ་ཁབ་ཁག་ལ་འཛུགས་སྐྲུན་བྱས་ནས་བུ་ལོན་ནང་ཚུད་དུ་འཇུག་གི་ཡོད་པ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་འགྲིམ་འགྲུལ་རང་དབང་ལ་གཏོར་བརླག་བྱས་ནས་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་སོགས་གླེང་། རྒྱ་ནག་དམར་ཤོག་ཚོགས་པས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱས་ནས་མནར་གཅོད་གཏོང་གི་ཡོད་པ་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙོན་ར་ཆེན་པོ་ཞིག་ལ་སྒྱུར་གྱིན་འདུག རྩོམ་པ་པོ་འཇོར་ཇི་ཨོར་ཝེལ་གྱིས་བརྩམས་པའི་སྒྲུང་རྩོམ་གྲགས་ཅན་༡༩༨༤་ནང་གི་བྱུང་བ་རྣམས་ཞིན་ཅང་ལ་དངོས་སུ་འབྱུང་གི་ཡོད་པ་ཨ་རིའི་རྒྱལ་ཡོངས་ལག་རྩེད་ལྒང་ལིའི་མཐུན་ཚོགས་ཀྱིས་ངོས་ཟིན་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཨ་རིའི་རྒྱལ་ཡོངས་ལག་རྩེད་ལྒང་ལིའི་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་༤༠་ལྷག་གི་ཚོང་ལས་གཉེར་གྱི་ཡོད་པ་དང་། ཨ་རིའི་ལག་རྩེད་ལྒང་ལིའི་མཐུན་ཚོགས་ཀྱི་རུ་ཁག་ཅིག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་བརྟེན། རྒྱ་ནག་གིས་ཨ་རིའི་རྒྱལ་ཡོངས་ལག་རྩེད་ལྒང་ལིའི་མཐུན་ཚོགས་ལ་ཚོང་ལས་བཀག་ནས་ཉེས་ཆད་བཅད་པ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་དང་བཙོན་འཇུག་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་ཁ་རྡུང་དྲག་པོ་གཏོང་གི་ཡོད་པ་རེད།

XS
SM
MD
LG