ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ཨི་རན་དང་ཧི་ཛི་བྷུ་ལཱ་གཉིས་ཧ་མ་སིའི་རྒྱབ་རྩར་ལང་རྒྱུའི་ཉེན་ཁ་ཆེ། 


༄༅།། གཟའ་འཁོར་སྔོན་མ་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་བར་དུ་དམག་འཁྲུག་ལངས། ད་ལྟ་ཨི་རན་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཁག་གཉིས་ཧ་མ་སི་ཤོག་ཁག་གི་རྒྱབ་རྩར་ལངས་ཏེ་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༡༧་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀས་ཕྱོགས་གཅིག་ནས་འབབ་གྲུ་གཉིས་དཀྱིལ་ཐིག་རྒྱ་མཚོའི་ནང་དུ་བཏང་སྟེ་ཨ་རིའི་མཚོ་དམག་དང་གནམ་དམག་གིས་ཨི་སི་རལ་ལ་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀས་ཕྱོགས་གཞན་ཞིག་ནས་ཨི་ཇེབ་དང་འཇོར་ཌན། རྒྱ་ནག་དང་ཁ་ཊར་སོགས་བརྒྱུད་ནས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་འཐབ་འཁྲུག་ཞི་འཇམ་གཏོང་ཐབས་སུ་འབད། སྲིད་འཛིན་བྷ་ཌན་གྱིས་ཨི་རན་དང་ཧི་ཛི་བྷུ་ལཱ་གཉིས་དམག་འཁྲུག་ལ་མ་ཞུགས་ན་ལེགས་ཞེས་སྐར་མ་༦༠་ཐམ་པའི་བརྙན་འཕྲིན་ལས་རིམ་བརྒྱུད་ནས་ཉེན་བརྡ་གསལ་པོ་བཏང་བའི་གནས་ཚུལ་ཐོན།།

ཁ་སྔོན་གཟའ་ཉི་མར་ཨི་རན་གྱི་རྒྱབ་སྐྱོར་བྱེད་བཞིན་པའི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གི་འཐབ་མོ་བ་ཚོས་ལེ་བྷ་ནན་གྱི་ལྷོ་ཕྱོགས་ནས་ཨི་སི་རལ་ལ་འཕུར་མདེལ་འཕངས། ཨི་སི་རལ་གྱིས་མེ་སྒྱོགས་བརྒྱབ་ནས་རྒོན་ལན་བསློགས། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན་གྱིས་སི་བྷི་ཨེ་སི་གསར་ཁང་ལ་ང་ཚོས་འབྱུང་སྲིད་པ་ཚང་མར་བསམ་བློ་བཏང་ནས་གྲ་སྒྲིག་བྱེད་ཀྱི་ཡོད། སྲིད་འཛིན་བྷ་ཌན་གྱིས་དམག་འཁྲུག་དེ་རྒྱ་ཆེ་རུ་མི་འགྲོ་བའི་ཆེད་དུ་འབབ་གྲུ་གཉིས་བཏང་སྟེ་གོ་བརྡ་གསལ་པོ་ཞིག་སྤྲད་པ་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཉམས་ཞིབ་པ་ཁག་ཅིག་གིས་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་མི་༡༣༠༠་ལྷག་བསད་པ་དང་མི་༡༥༠་ནས་༢༠༠་ཡས་མས་ཤིག་བཙན་ཁྲིད་བྱས་པར་གཞིགས་ཚེ། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གླགས་ཁེལ་གྱི་མེད་པ་མཚོན་ཐུབ། ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ནི་མཚོན་ཆ་ཡག་པོ་དང་མི་གྲངས་མང་བ། ཁོ་ཚོར་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོ་ལས་ཀྱང་དམག་སྦྱོང་ཡག་པོ་ཐོབ་ཡོད་པས་ཨི་སི་རལ་ལ་ཁ་གཏད་དྲག་པོ་གཅོག་ཐུབ་ཀྱི་རེད་ཅེས་བསྟན།།

དཀྱིལ་ཤར་ས་ཁུལ་གྱི་དམིགས་བསལ་སྐུ་ཚབ་ཟུར་པ་དང་ཨི་སི་རལ་དུ་བཅའ་སྡོད་གཞུང་ཚབ་པ་ཟུར་པ་མར་ཊིན་ཨེ་སི་ཨིན་ཌིག
དཀྱིལ་ཤར་ས་ཁུལ་གྱི་དམིགས་བསལ་སྐུ་ཚབ་ཟུར་པ་དང་ཨི་སི་རལ་དུ་བཅའ་སྡོད་གཞུང་ཚབ་པ་ཟུར་པ་མར་ཊིན་ཨེ་སི་ཨིན་ཌིག

དཀྱིལ་ཤར་ས་ཁུལ་གྱི་དམིགས་བསལ་སྐུ་ཚབ་ཟུར་པ་དང་ཨི་སི་རལ་དུ་བཅའ་སྡོད་གཞུང་ཚབ་པ་ཟུར་པ་མར་ཊིན་ཨེ་སི་ཨིན་ཌིག་(Martin S. Indyk)་གིས་དམག་འཁྲུག་རྒྱ་ཆེ་རུ་འགྲོ་སྲིད་པ་བརྒྱ་ཆ་༥༠་དང་དམག་འཁྲུག་རྒྱ་ཆེ་རུ་འགྲོ་མི་སྲིད་པ་བརྒྱ་ཆ་༥༠་རེད། གཅིག་བྱས་ནས་དམག་འཁྲུག་དེ་ལེ་བྷ་ནན་བརྒལ་ནས་རྒྱ་ཆེ་རུ་འགྲོ་སྲིད། དེར་བརྟེན་ཨ་མི་རི་ཀས་དྲག་པོའི་སྟོབས་ཤུགས་དང་ཞི་བའི་གྲོལ་མོལ་བརྒྱུད་ནས་དམག་འཁྲུག་དེ་རྒྱ་ཆེ་རུ་འགྲོ་སྲིད་པ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད། ཨི་སི་རལ་ལ་གཏོར་རྒོལ་འཕོག་རྒྱུའི་ཉེན་ཁ་མེད་ན་ཨ་མི་རི་ཀས་འབབ་གྲུ་གཉིས་གཏོང་དགོས་དོན་མེད་ཅེས་བཀྲལ། ཨ་རིའི་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཨི་རན་བ་ཞིག་གིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་ཁ་སྔོན་གཟའ་ཉི་མའི་དགོང་མོར་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊ་གྲོང་ཁྱེར་དུ་ཚོགས་འདུ་ཞིག་ཚོགས་ནས་གྲོས་སྡུར་བྱས་འདུག ཡིན་ནའང་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གིས་ཨི་སི་རལ་ལ་གཏོར་རྒོལ་བྱས་ཏེ་བྱང་ཕྱོགས་ནས་དམག་འཁྲུག་སློང་དགོས་མིན་ཐག་བཅད་མི་འདུག་ཅེས་བཤད།།

ཨི་རན་གྱི་དམག་དཔུང་ལ་འབྲེལ་བ་ཡོད་པའི་མི་གཉིས་ཀྱིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་ཨི་སི་རལ་གློ་བུར་དུ་སྐམ་མཚོ་གནམ་གསུམ་ནས་གཏོར་རྒོལ་བྱས་ནས་བཟུང་། ཨི་རན་གྱི་བཀོད་ཇུས་འོག་ཏུ་ཚུད་པའི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གི་འཐབ་མོ་བ་ཚོར་དམག་འཁྲུག་གི་གྲ་སྒྲིག་བྱེད་དུ་བཅུག་འདུག ཨི་རན་ཐད་ཀར་དམག་འཁྲུག་ལ་མཉམ་ཞུགས་བྱ་རྒྱུའི་རྣམ་པ་མི་མངོན། ཨི་སི་རལ་གྱིས་ཨི་རན་ལ་རྒོལ་རྡུང་མ་བྱས་ན་ཨི་རན་དམག་འཁྲུག་ལ་ཞུགས་རྒྱུའི་འཆར་གཞི་མི་འདུག ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་དམག་འཁྲུག་ལ་ཞུགས་རྒྱུ་ཡིན་མིན་ནི་ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ནར་མོར་དཔུང་འཇུག་བྱས་ནས་དམག་འཁྲུག་དེ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ལ་ཐུག་འདུག་ཅེས་ནང་མོལ་བྱས་འདུག ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཨི་རག་དང་ལེ་བྷ་ནན། སི་རི་ཡ་དང་ཁ་ཊར་སོགས་ལ་བསྐྱོད་ནས་ཨི་རན་གྱིས་ཧ་མ་སི་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བསྒྲགས།།

ཨི་རན་གྱི་ཕྱི་སྲིད་བློན་ཆེན་ནས་ཁ་ཊར་རྒྱལ་ཁབ་ཀྱི་དྷོ་ཧ་གྲོང་ཁྱེར་དུ་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མལ་ཧ་ཎི་ཡཱེ་ལ་དུས་ཡུན་ཆུ་ཚོད་༣་གྱི་རིང་དུ་ཐུག་འཕྲད་གྲོས་མོལ་བྱས་པར་མ་ཟད། ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་ཧ་སན་ན་སི་རཱེ་ལཱ་ལའང་ཐུག་འཕྲད་བྱས། ཧ་མ་སི་ཤོག་ཁག་གི་སྐུ་ཚབ་ཅིག་གིས་འགོ་ཁྲིད་ཚོས་ཨི་སི་རལ་ལ་གཏོར་རྒོལ་གྱི་དམག་འཁྲུག་རྒྱ་བསྐྱེད་རྒྱུའི་གྲོས་སྡུར་བྱས་པ་རེད་ཅེས་གསལ་བསྒྲགས་སྤེལ། ཨི་རན་གྱི་ཕྱི་སྲིད་བློན་ཆེན་ནས་ངས་བཙན་རྒོལ་བའི་འགོ་ཁྲིད་ཚོར་གྲོས་མོལ་བྱས་པ་ཡིན། ནག་ཉེས་དེ་ཚོར་ལན་པ་སློག་པའི་དུས་ཚོད་སླེབས་ན་དེང་སྐབས་བཙན་བཟུང་འོག་ཏུ་ཚུད་པའི་ས་ཆ་དེ་དག་གི་གནས་བབ་དང་ས་ཁྲ་བཅས་ལ་འགྱུར་བ་ཐེབས་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སོང་། ཨི་སི་རལ་ལ་ཕར་རྒོལ་འབྱུང་སྲིད། ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པར་མཇུག་འབྲས་ཚབས་ཆེན་ཞིག་མ་མྱངས་པར་ཐར་ས་མེད། ང་ཚོས་གདམ་ཀ་ཚང་མར་བསམ་ཞིབ་བྱེད་བཞིན་ཡོད། དམག་འཁྲུག་གི་ནག་ཉེས་འདི་སྣང་མེད་དུ་འཇོག་ཐབས་བྲལ་ཞེས་ཉེན་བརྡ་བཏང་འདུག

ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཛཱ་ཆི་ཧ་ནེག་བྷིས་
ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཛཱ་ཆི་ཧ་ནེག་བྷིས་

ཕྱི་ཟླ་༡༠་པའི་ཚེས་༡༧་ཉིན་ཧྥོག་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་དང་ཧི་ཛི་བྷུ་ལཱ་གཉིས་ཧ་མ་སི་ཤོག་ཁག་གི་རྒྱབ་རྩར་ལངས་ནས་ཨི་སི་རལ་ལ་དམག་བརྒྱབ་ན་ཨ་མི་རི་ཀ་དམག་འཁྲུག་ལ་ཞུགས་ནས་ཨི་སི་རལ་ལ་སྲུང་སྐྱོབ་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཛཱ་ཆི་ཧ་ནེག་བྷིས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཡོངས་གྲོགས་སུ་ཨི་ཛི་བྷུ་ལཱ་དང་ཨི་རན་གཉིས་ཀྱིས་དམག་འཁྲུག་དེར་ཐེ་ཇུས་མ་བྱས་ན་ལེགས་ཞེས་ཉེན་བརྡ་བཏང་བ་རེད། ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་བའི་འབབ་གྲུ་ཆེན་པོ་གཉིས་དཀྱིལ་ཐིག་རྒྱ་མཚོའི་ཤར་ཕྱོགས་སུ་བཏང་བར་གོ་ནོར་ཐེབས་ས་མེད། གལ་སྲིད་ཨི་སི་རལ་ལ་གཏོར་རྒོལ་བྱུང་ན་ཨ་མི་རི་ཀ་དམག་འཁྲུག་ལ་ཞུགས་རྒྱུའི་བརྡ་བཏང་བ་རེད། ཨི་སི་རལ་གྲོགས་མེད་ཁེར་རྐྱང་མིན། ཨ་མི་རི་ཀའི་དམག་དཔུང་འབྱོར་ནས་གྲ་སྒྲིག་བྱས་འདུག་ཅེས་སྨྲས། ཁུ་ཝེ་ཐེར་འགྲེམ་འཇོག་བྱེད་ཡོད་པའི་ཨ་རིའི་དམག་དཔུང་ལ་འཐབ་འཁྲུག་གི་གྲ་སྒྲིག་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག

ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་ང་ཚོས་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོར་དམག་འཁྲུག་རྒྱག་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཀག་འགོག་བྱ་རྒྱུ་མིན། ཨི་སི་རལ་གྱིས་གནམ་དམག་གིས་གྷ་ཟ་ཐང་གཤོང་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་ན་བཙན་རྒོལ་བ་རྣམས་འུ་ཐུག་སྟེ་འཐབ་འཁྲུག་རྒྱག་རྒྱུ་ཡིན་པས་སུ་གཅིག་གིས་ཀྱང་འགོག་མི་ཐུབ། གལ་སྲིད་དམག་འཁྲུག་གི་ནག་ཉེས་གསོག་གི་ཡོད་པ་མཚམས་མ་བཞག་ན་ཁ་ཆེ་ཚོས་བཟོད་སྒོམ་བྱེད་མི་ཐུབ་པ་དང་བཙན་རྒོལ་གྱི་སྟོབས་ཤུགས་འགོག་མི་ཐུབ། འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་ཨི་སི་རལ་གྱི་སྟེང་དུ་ཁོང་ཁྲོས་བརྟས་འདུག་ཅེས་སྡིགས་ར་བསྐུལ། ཨ་རིའི་དམག་སྤྱི་ཟུར་པ་མེག་ཁན་ཛིས་འཐབ་འཛིང་གནམ་གྲུ་འཁྱེར་བའི་འབབ་གྲུ་གཉིས་བཏང་བ་དེའི་མཚོན་དོན་གསལ་པོ་རེད། ཨི་རན་གྱིས་ཧི་ཛི་བྷུ་ལཱ་འཇམ་དམག་ཤོག་ཁག་གི་འཐབ་མོ་བ་ཚོར་རྒྱབ་ལོག་ཏུ་འཐབ་འཁྲུག་རྒྱག་དགོས་པའི་སྐུལ་སློང་བྱས་པའི་ལོ་རྒྱུས་མང་པོ་འདུག ཨ་རིས་འབབ་གྲུ་གཉིས་བཏང་བའི་རྗེས་སུ་ཨི་རན་གྱི་ཁོག་རྩིས་བརྒྱབ་པ་རྣམས་འཁྲུགས་ཡོད་ངེས་རེད་ཅེས་བཤད།།

ཨ་རིའི་དམག་སྤྱི་ཟུར་པ་མེག་ཁན་ཛིས་
ཨ་རིའི་དམག་སྤྱི་ཟུར་པ་མེག་ཁན་ཛིས་

ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ལ་དཔུང་འཇུག་བྱས་པའི་རྗེས་སུ་ཧ་མ་སི་ཤོག་ཁག་རྩ་མེད་འགྲོ་རྒྱུ་ཉག་གཅིག་རེད། དེ་ནས་ཤོག་ཁག་དེས་གྷ་ཟ་ཐང་གཤོང་ལ་མུ་མཐུད་དུ་དབང་བསྒྱུར་བྱེད་མི་ཐུབ། ཨི་རན་ལ་ཤུགས་རྐྱེན་ཐེབས་ཡུལ་ཞིག་མེད་པར་གྱུར། ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གི་སྟོབས་ཤུགས་ཉམས། གྷ་ཟ་ཐང་གཤོང་གི་དམག་འཁྲུག་ཅི་ཙམ་ཡུན་བསྲིངས་བ་དང་དམག་འཁྲུག་དེ་ཅི་ཙམ་ཚབས་ཆེ་རུ་ཕྱིན་ན་ཨི་རན་དམག་འཁྲུག་དེར་དངོས་སུ་ཞུགས་དགོས་མིན་ཐག་ཆོད་ཀྱི་རེད། ཨི་རན་གྱིས་འགོ་ཁྲིད་པའི་བཙན་རྒོལ་མདུན་སྐྱོད་ཚོགས་པ་ཁག་མཉམ་འབྲེལ་གྱིས་ཨི་སི་རལ་ལ་དམག་རྒྱག་རྒྱུའི་འཇིགས་སྐུལ་བྱས་པ་ཐེངས་དང་པོ་མ་རེད། ༢༠༢༣་གྱི་ཕྱི་ཟླ་༤་པ་ནས་ཇཱེ་རུ་ས་ལམ་དང་ནུབ་འགྲམ། གྷ་ཟ་ཐོང་གཤོང་ནར་མོ། ལེ་བྷ་ནན་གྱི་ལྷོ་ཕྱོགས་དང་གྷོ་ལན་མཐོ་སྒང་བཅས་ནས་ཨི་སི་རལ་ལ་འཕུར་མདེལ་གྱིས་གཏོར་རྒོལ་བྱས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG